ཀྲུང་གོ་བོད་ཀྱི་དྲ་བ།

ཀྲའོ་ལེ་ཅི་ཡིས་པའོ་ཨའོ་ཡ་གླིང་གླེང་སྟེགས་ལས་འཛིན་ལྷན་ཚོགས་ཀྱི་འཐུས་མིར་ཐུག་འཕྲད་གནང་བ་དང་ཀྲུང་ཕྱིའི་ཁེ་ལས་པའི་འཐུས་མི་དང་བཞུགས་མོལ་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-03-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཚེས27ཉིན་ཧེ་ནན་པའོ་ཨའོ་རུ་ཐུན་མོང་ཐོག་པའོ་ཨའོ་ཡ་གླིང་གླེང་སྟེགས་ལས་འཛིན་ལྷན་ཚོགས་དང་། གྲོས་འདྲི་ཨུ་ཡོན་ལྷན་ཁང་དང་འཐབ་ཇུས་མཉམ་ལས་རོགས་ཟླའི་ཁེ་ལས་པའི་འཐུས་མི་སྐོར་ཞིག་ལ་ཐུག་འཕྲད་གནང་བ་མ་ཟད། ཀྲུང་ཕྱིའི་ཁེ་ལས་པའི་འཐུས་མི་དང་བཞུགས་མོལ་གནང་།

ཟླ3པའི་ཚེས27ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་པའོ་ཨའོ་ཡ་གླིང་གླེང་སྟེགས་ལས་འཛིན་ལྷན་ཚོགས་ཀྱི་འཐུས་མིར་ཐུག་འཕྲད་གནང་བ་དང་ཀྲུང་ཕྱིའི་ཁེ་ལས་པའི་འཐུས་མི་དང་བཞུགས་མོལ་གནང་།

གླེང་སྟེགས་ལས་འཛིན་ལྷན་ཚོགས་ཀྱི་འཐུས་མིར་ཐུག་འཕྲད་གནང་སྐབས། ཀྲའོ་ལེ་ཅི་ཡིས་བསྟན་དོན། ད་ལོའི་གླེང་སྟེགས་ལོ་ཡིས་ཨེ་ཤེ་ཡ་གླིང་དང་འཛམ་གླིང་སྟེ། ཐུན་མོང་གི་འགྲན་སློང་དང་ཐུན་མོང་གི་འགན་འཁྲི་ཞེས་པ་བརྗོད་དོན་དུ་བཟུང་སྟེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་དོ་ཁུར་ལ་ལན་བཏབ་པ་དང་། དེར་དོན་དངོས་ཀྱི་དོན་སྙིང་ཆེན་པོ་ལྡན། མིག་སྔའི་འཛམ་གླིང་ལ་འགྲན་སློང་དང་ཉམས་ཉེན་མང་པོ་མཉམ་དུ་འདྲེས་ཡོད། ཇི་ལྟར་དཀའ་ངལ་ཆེ་བའི་སྐབས་སུ་དེ་ལྟར་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་དང་མཐུན་སྒྲིལ་མཉམ་ལས་བྱེད་དགོས། ཀྲུང་གོས་རང་སྟེང་གི་འཕེལ་རྒྱས་གསར་བ་ཡིས་འཛམ་གླིང་ལ་སྔར་ལས་མང་པའི་གོ་སྐབས་གསར་བ་བསྩོལ་རྒྱུ་ཡིན། ཀྲུང་གོས་སྔ་མ་ནང་བཞིན་པའོ་ཨའོ་ཡ་གླིང་གླེང་སྟེགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞིང་། གླེང་སྟེགས་ཀྱིས་ཨེ་ཤེ་ཡ་གླིང་དུ་རྐང་བཙུགས་ཏེ་འཛམ་གླིང་ལ་ཁ་ཕྱོགས་ནས། བདེན་སྲུང་གསར་སྐྲུན་དང་ཁྱད་ཆོས་འབུར་དུ་བཏོད་པ་དང་། སྒོ་འབྱེད་ཁོང་ཡངས་དང་འཕེལ་རྒྱས་མཉམ་གྲོས་བྱས་ནས་ཨེ་ཤེ་ཡ་གླིང་དང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཐད་སྔར་ལས་ཆེ་བའི་བྱས་རྗེས་འཇོག་རྒྱུའི་རེ་བ་ཡོད།

གླེང་སྟེགས་ལས་འཛིན་དཔོན་ཕན་ཅི་ཝིན་སོགས་དང་ཚོགས་ཞུགས་འཐུས་མི་ཀཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པའི་འདུ་ཤེས་དང་འཛམ་གླིང་གྲོས་གཞི་རབ་དང་རིམ་པར་ཚད་མཐོའི་གདེང་འཇོག་གནང་ལ། གླེང་སྟེགས་ཀྱི་འཕེལ་རྒྱས་དང་ཕྱོགས་སོ་སོའི་མཐུན་སྒྲིལ་མཉམ་ལས་ཐད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་འདོད་ཡོད་པར་བསྟན།

ཟླ3པའི་ཚེས27ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཧའེ་ནན་པའོ་ཨའོ་རུ་ཀྲུང་ཕྱིའི་ཁེ་ལས་པའི་འཐུས་མི་དང་བཞུགས་མོལ་གནང་བ།

ཀྲུང་ཕྱིའི་ཁེ་ལས་པའི་འཐུས་མི་དང་བཞུགས་མོལ་གནང་སྐབས། ཀྲའོ་ལེ་ཅི་ཡིས་བསྟན་དོན། ཁེ་ལས་པ་རྣམས་ཧུར་ཐག་གིས་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་དང་དཔལ་འབྱོར་འཛུགས་སྐྲུན་ནང་ཞུགས་པར་བཀའ་དྲིན་ཞུ་རྒྱུ་ཡིན་ལ། ཀྲུང་གོར་གཞི་ཁྱོན་ཆེས་ཆེ་བའི་ཚོང་ར་དང་ཐོན་ལས་མ་ལག འཇོན་མི་དང་གསར་སྐྲུན་ལེགས་ཆ་བཅས་ཡོད་པས། མངོན་གསལ་གྱི་ལམ་ལུགས་ལེགས་ཆ་ལྡན་ཞིང་། ཀྲུང་གོའི་དཔལ་འབྱོར་དུས་ཡུན་རིང་པོར་ལེགས་པོའི་ཕྱོགས་སུ་འཕེལ་བའི་གཞི་རྩའི་རྣམ་པར་འགྱུར་ལྡོག་ཡོད་མི་སྲིད། ཀྲུང་གོས་ཁོང་ཡངས་དཀྱེལ་ཆེའི་དཔལ་འབྱོར་འཛམ་གླིང་ཅན་གྱི་འདོད་བློ་བཅིངས་ཡོད་པ་དང་། རྣམ་པ་སྣ་ཚོགས་ཀྱི་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱེད་ཀྱིན་ཡོད་ལ། རང་སྟེང་གི་འཕེལ་རྒྱས་དེ་རྒྱལ་ཁབ་སོ་སོའི་འཕེལ་རྒྱས་དང་དམ་དུ་སྦྲེལ་འདོད་ཡོད། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཐབས་ལམ་གསར་བ་རབ་དང་རིམ་པ་རྒྱ་བསྐྱེད་དུ་གཏོང་བཞིན་ཡོད་པས། རྒྱལ་ཁབ་སོ་སོའི་མཉམ་ལས་རོགས་ཟླ་ཕེབས་པར་དགའ་བསུ་ཞུ་བཞིན་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་མུ་མཐུད་དུ་ཁྲིམས་ལུགས་ལམ་ལུགས་ཀྱི་ངོས་ཐད་ནས་ཀྲུང་ཕྱིའི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྔར་ལས་སྐུལ་འདེད་གཏོང་རྒྱུ་ཡིན། 

ཁེ་ལས་པ་རྣམས་ཀྱིས་དཔལ་འབྱོར་འཛམ་གླིང་ཅན་དང་རང་དབང་ཉོ་ཚོང་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་དང་། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་མདུན་ལྗོངས་ལེགས་པས་ཚོང་ར་རྒྱ་བསྐྱེད་དེ་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་འདོད་ཡོད་པར་བསྟན། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།