ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཆང་གིས་ཧོ་ལན་གྱི་དབུ་བཞུགས་བློན་ཆེན་ལུའུ་ཐི་དང་གྲོས་མོལ་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-03-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཟླ3པའི་ཚེས27ཉིན་གྱི་ཕྱི་དྲོར་ཏེའོ་ཡུས་ཐའེ་རྒྱལ་ཁབ་མགྲོན་ཁང་དུ་ཀྲུང་གོར་བྱ་བའི་འཚམ་འདྲིར་ཕེབས་པའི་ཧོ་ལན་གྱི་དབུ་བཞུགས་བློན་ཆེན་ལུའུ་ཐི་དང་གྲོས་མོལ་གནང་།

ཟླ3པའི་ཚེས27ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཏེའོ་ཡུས་ཐའེ་རྒྱལ་ཁབ་མགྲོན་ཁང་དུ་ཀྲུང་གོར་བྱ་བའི་འཚམ་འདྲིར་ཕེབས་པའི་ཧོ་ལན་གྱི་དབུ་བཞུགས་བློན་ཆེན་ལུའུ་ཐི་དང་གྲོས་མོལ་གནང་།

ལི་ཆང་གིས་བསྟན་དོན། ལོ་ངོ74སྔོན་གྱི་དེ་རིང་། ཧོ་ལན་གྱིས་ཀྲུང་གོ་གསར་བ་ཁས་ལེན་པ་ཁྱབ་བསྒྲགས་བྱས་ཤིང་། ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་ཡོ་རོབ་གླིང་རྒྱལ་ཁབ་ཁག་གི་མདུན་གྲལ་དུ་བསྐྱོད་ཡོད། ལོ་ངོ70ལྷག་གི་རིང་། ཀྲུང་ཧོ་འབྲེལ་བར་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ལྷག་པར་དུ2014ལོར་རྒྱལ་ཁབ་གཉིས་ཀྱིས་སྒོ་འབྱེད་དངོས་བརྩོན་གྱི་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་པའི་ཚུན། ཀྲུང་ཧོ་འབྲེལ་བའི་འཕེལ་རྒྱས་དེ་མགྱོགས་འཁོར་གྱི་ལམ་དུ་བསྐྱོད་ཅིང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཕན་འབྲས་ལེགས་པོ་བླངས་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དངོས་གནས་ཕན་ཁེ་བསྐྲུན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དེ་རིང་སྐུ་ཞབས་དབུ་བཞུགས་བློན་ཆེན་དང་ཐུག་འཕྲད་གནང་ནས་ཐུན་མོང་གི་ངོས་འཛིན་གལ་ཆེན་ཆགས་ཡོད་ལ། དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཀྲུང་གོས་ཧོ་ལན་དང་མཉམ་དུ་མུ་མཐུད་དུ་སྒོ་འབྱེད་དངོས་བརྩོན་གྱི་མཉམ་ལས་དགོངས་པ་དར་སྤེལ་བཏང་སྟེ། ཕྱོགས་གཉིས་ཀྱི་འབྲེལ་བ་གཏན་འཇགས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་དང་སྔར་ལས་མང་པོའི་མཉམ་རྒྱལ་གྱི་གྲུབ་འབྲས་ལེན་འདོད་ཡོད།

ལི་ཆང་གིས་བསྟན་དོན། མིག་སྔའི་འཛམ་གླིང་ནི་ཟང་ཟིང་རྙོག་འཛིང་ཡིན་པ་དང་། སྲུང་སྐྱོབ་རིང་ལུགས་དང་འཇམ་འཐབ་བསམ་བློ་རྒྱས་ཏེ་རྒྱལ་སྤྱི་འབྲེལ་བ་དང་རྒྱལ་སྤྱི་དཔལ་འབྱོར་ལ་རྡེག་ཤུགས་ཅུང་ཆེན་པོ་ཐེབས་ཡོད། ཀྲུང་ཧོ་ཡིས་རང་དབང་ཉོ་ཚོང་རྒྱུན་འཁྱོངས་བྱེད་པས་མུ་མཐུད་དུ་ཕན་ཚུན་སྒོ་འབྱེད་རྒྱ་བསྐྱེད་དེ་དངོས་བརྩོན་མཉམ་ལས་ལ་ཤུགས་སྣོན་འོས་ལ། འདི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གཏིང་ཟབ་དང་སྲ་བརྟན་དུ་གཏོང་བར་ཕན་པ་ཡོད་པ་དང་ཕྱོགས་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ལ། འཛམ་གླིང་ལའང་སྔར་ལས་མང་པོའི་གཏན་འཇགས་རང་བཞིན་དང་གཏན་ཁེལ་རང་བཞིན་བསྩོལ་ཐུབ། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་གཞི་ཁྱོན་རྒྱ་བསྐྱེད་དེ། མི་ཐབས་རིག་ནུས་དང་ལྗང་མདོག་རྣམ་སྒྱུར། དབུ་དཀར་དཔལ་འབྱོར་སོགས་ཁྱབ་ཁོངས་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་བྱེད་པ་དང་། མཚོ་ཐོག་རླུང་གློག་དང་འོད་ནུས་གློག་འདོན། ཆིན་ནུས་སོགས་ཁྱབ་ཁོས་ཀྱི་གསར་སྐྲུན་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ལ་སྔར་ལས་ཆེ་བའི་སྟོབས་ཤུགས་འདོན་སྤྲོད་བྱེད་དགོས། ཀྲུང་གོས་མུ་མཐུད་དུ་ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་བསྐྲུན་ནས། ཧོ་ལན་གྱི་ཁེ་ལས་སྔར་ལས་མང་པོ་ཀྲུང་གོར་དངུལ་གཏོང་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན། ང་ཚོས་མུ་མཐུད་དུ་ཀྲུང་གོའི་ཁེ་ལས་མང་པོ་ཧོ་ལན་དུ་དངུལ་གཏོང་འཕེལ་རྒྱས་བྱེད་པར་སྐུལ་ལྕག་བྱེད་པ་དང་། ཧོ་ལན་གྱིས་ཀྲུང་གོའི་མི་སྣ་ཧོ་ལན་དུ་བསྐྱོད་པར་སྔར་ལས་སྟབས་བདེ་བསྐྲུན་རྒྱུའི་རེ་བ་ཡོད།

ལི་ཆང་གིས་བསྟན་དོན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མཉམ་ལས་ནི་ཀྲུང་ཡོ་འབྲེལ་བའི་གཙོ་རྒྱུན་ཡིན་པ་དང་། རོགས་ཟླ་ནི་ད་གཟོད་ཕྱོགས་གཉིས་ཀྱི་ཕན་ཚུན་ཡང་དག་པའི་ངེས་གནས་ཡིན། ཀྲུང་གོས་ཡོ་རོབ་ཕྱོགས་ཀྱིས་ཀྲུང་གོའི་གཞི་ཁྱོན་ཆེས་ཆེ་བའི་ཚོང་རའི་གོ་སྐབས་མཉམ་སྤྱོད་བྱས་ཏེ། ཡོ་རོབ་ཕྱོགས་ཀྱིས་ཚད་བཀག་རང་བཞིན་གྱི་དཔལ་འབྱོར་ཉོ་ཚོང་སྲིད་ཇུས་འདོན་པ་དང་ཉོ་ཚོང་མྱུར་སྐྱོབ་བྱེེད་ཐབས་བེད་སྤྱོད་བྱེད་པར་གཟབ་རླིང་ཞིབ་ཚགས་བྱེད་རྒྱུའི་རེ་བ་ཡོད། ཀྲུང་གོས་ཧོ་ལན་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་ཡོ་འབྲེལ་བ་མུ་མཐུད་དུ་བདེ་ཐང་གཏན་འཇགས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།

ལུའུ་ཐི་ཡིས་བསྟན་དོན། དུས་ཡུན་རིང་པོར། ཧོ་ཀྲུང་སྒོ་འབྱེད་དངོས་བརྩོན་གྱི་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བར་གྲུབ་འབྲས་ཕུན་སུམ་ཚོགས་པ་བླངས་ཡོད། ཧོ་ལན་གྱིས་ཀྲུང་གོའི་མཛའ་བརྩེ་ལ་མཐོང་ཆེན་དང་གཅེས་སྤྲས་བྱེད་བཞིན་ཡོད་ལ། ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་དང་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པར་ཤུགས་བསྣན་ཏེ། གཉིས་ཕན་མཉམ་ལས་རྒྱ་བསྐྱེད་དང་མི་ཆོས་བརྗེ་རེས་གཏིང་ཟབ་དུ་བཏང་སྟེ། ཐུན་མོང་ཐོག་ནམ་ཟླའི་འགྱུར་ལྡོག་སོགས་འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་དེ། ཧོ་ཀྲུང་དང་ཡོ་ཀྲུང་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།

ཝུའུ་ཀྲིན་ལུང་གྲོས་མོལ་ལ་ཞུགས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།