ཀྲུང་གོ་བོད་ཀྱི་དྲ་བ།

སྡེ་ཁག་བཅུ་ཡི་མཉམ་འབྲེལ་སྒོས་བུད་མེད་ཀྱི་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་ཆེད་དོན་བྱ་འགུལ་སྤེལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-03-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་སོགས་སྡེ་ཁག་བཅུ་ཡི་ཉེ་ལམ་མཉམ་འབྲེལ་སྒོས་བུད་མེད་ཀྱི་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་ཆེད་དོན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་བརྡ་སྦྱོར་ཁྱབ་བསྒྲགས་བྱས་ཤིང་། གཙོ་གནད་དང་དཀའ་གནད་ལ་དམིགས་ཏེ། ཁེ་དབང་སྲུང་སྐྱོང་ཞབས་ཞུའི་ལས་དོན་ལེགས་པོར་བསྒྲུབ་དགོས་པའི་བླང་བྱ་བཏོན།

རྒྱུས་ལོན་པ་ལྟར་ན། བྱ་འགུལ་སྐབས་སུ་དཀའ་ངལ་ཡོད་པའི་བུད་མེད་ལ་སེམས་ཁུར་དང་རོགས་སྐྱོར་བྱེད་པར་ཤུགས་བསྣན་ནས། ཡོང་འབབ་དམའ་བའི་བུད་མེད་དང་བུད་མེད་རྒན་རྒོནབུད་མེད་དབང་བོ་སྐྱོན་ཅན་སོགས་དཀའ་ངལ་ཡོད་པའི་བུད་མེད་ལ་གཙོ་གནད་དུ་དོ་ཁུར་བྱས་ཏེ་དམིགས་སའི་རང་བཞིན་གྱི་ཁེ་དབང་སྲུང་སྐྱོང་དང་གཅེས་སྐྱོང་གི་ཞབས་ཞུ་སྤེལ་ནས། བུད་མེད་ཀྱི་ཁེ་དབང་འགན་སྲུང་གི་ཚད་མཐའ་སྲུང་དགོས། གཉེན་སྒྲིག་དང་ཁྱིམ་ཚང་གི་འགལ་བ་དང་རྩོད་གཞི་སྔོན་འགོག་དང་འདུམ་སེལ་བྱེད་པར་ཤུགས་སྣོན་པ་དང་། ས་གནས་གཉིས་སུ་ཁག་བགོས་ལོགས་སྡོད་དང་། གཉེན་སྒྲིག་གི་འབྲེལ་བ་འགྱུར་ལྡོག གསོ་སྐྱོང་གི་འབྲེལ་བ་འགྱུར་བ། ཤུལ་བཞག་རྒྱུན་འཛིན་སོགས་ཀྱི་ཁྱིམ་ཚང་ལ་གཙོ་གནད་དུ་དོ་ཁུར་བྱས་ཏེ། དུས་ཐོག་ཏུ་འགྲོ་ཕྱོགས་ཁོང་དུ་ཆུད་པ་དང་། རྩོད་གཞི་རྗེས་སྙེག་ཐག་གཅོད་བྱེད་པ། འགལ་བ་ཛ་དྲག་ཏུ་འགྱུར་བའམ་ཡང་ན“དམངས་བསྒྱུར་ཁྲིམས་ཆད”དང“ཁྲིམས་ཆད་ལས་སྒྱུར”སོགས་ཀྱི་གྱོད་གཞིའི་དོན་རྐྱེན་མི་འབྱུང་བར་བྱེད་དགོས། ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་ཤུགས་སྣོན་པ་དང་ཁྱིམ་ཚང་གི་གཏུམ་སྤྱོད་སྔོན་འགོག་དང་ཐག་གཅོད་བྱེད་པའི་ཁྲོད་ལྷག་པའི་བྱ་རིམ་ཞན་སར་དམིགས་ཏེ། སྡེ་ཚན་མང་པོ་མཉམ་འགུལ་ལ་སྔར་ལས་ཤུགས་བསྣན་ནས་ཁྱིམ་ཚང་གི་གཏུམ་སྤྱོད་ཕྱོགས་ཡོངས་ནས་འགོག་བཅོས་བྱེད་པར་སྐུལ་འདེད་གཏོང་དགོས།

དེ་དང་ཆབས་ཅིག་བུད་མེད་ཀྱི་འདྲ་མཉམ་ལས་ཞུགས་ཁེ་དབང་འགན་སྲུང་ལ་ཤུགས་བསྣན་ནས་ལས་ཞུགས་ཀྱི་ཕོ་མོའི་དབྱེ་བའི་མཐོང་ཆུང་གནད་དོན་ལ་གཙོ་གནད་དུ་དོ་ཁུར་བྱེད་པ་དང་། ཁ་ཆད་གྲོས་མོལ་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བཅས་བྱས་ནས་བུད་མེད་ལས་ཞུགས་དྲང་གཞག་ཡོང་ཆེད་ཁོར་ཡུག་བསྐྲུན་དགོས། གྲོང་གསེབ་ཀྱི་བུད་མེད་ཀྱི་ས་ཞིང་ཁེ་དབང་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་བཟའ་ཚང་ཁ་བྲལ་དང་བཟའ་ཟླ་འདས་པའི་ཚོགས་སྤྱི་དང་ཁྱིམ་ཚང་དུ་སྐྱེས་པ་མེད་པ་སོགས་ཀྱི་ཁྱིམ་ཚང་ལ་གཙོ་གནད་དུ་དོ་ཁུར་བྱས་ཏེ། གྲོང་གསེབ་ཀྱི་བུད་མེད་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མིའི་ཐོབ་ཐང་དང་། ས་ཞིང་གཉེར་འགན་གཙང་ལེན་བྱེད་དབང་སོགས“སྣེ་གཉིས་སྟོང་པ”ཡིན་པའི་གནད་དོན་བཅའ་ཁྲིམས་ལྟར་ཐག་གཅོད་བྱ་དགོས།

བརྡ་སྦྱོར་ཁྲོད་ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཚན་སོ་སོས་མཉམ་འགུལ་མཉམ་ལས་ལ་ཤུགས་བསྣན་ནས་བྱ་བའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་སྟེ། བུད་མེད་ཀྱི་ཁེ་དབང་གནད་དོན་གཞི་རིམ་དུ་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ་དང་། འགལ་བ་དང་རྩོད་གཞི་དང་ཉེན་ཁའི་མངོན་མེད་རྐྱེན་ངན་བྱུང་མགོ་ཚུགས་དུས་ནས་བསལ་ཏེ། བུད་མེད་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།