ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དྲིལ་སྒྲོག་པུའུ་སོགས་སྡེ་ཁག་གིས2024ལོའི་རིག་གནས་དང་ཚན་རྩལ་འཕྲོད་བསྟེན“གཞི་རིམ་དུ་བསྐྱོད་པ་གསུམ”གྱི་བྱ་འགུལ་སྤེལ་བར་བཀོད་སྒྲིག་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-03-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་། ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་ཏུ་བསྡུ་བ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་བཅས་བྱེད་པར་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་བྱུང་ཞིང་། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། སློབ་གསོ་པུའུ། ཁྲིམས་འཛིན་པུའུ། ཞིང་ལས་དང་གྲོང་གསེབ་པུའུ། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། རྒྱང་སྒྲོག་དང་བརྙན་འཕྲིན་སྤྱི་ཁྱབ་ཅུའུ། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོའི་རྩོམ་རིག་མཐུན་ཚོགས། ཀྲུང་གོ་ཚན་རྩལ་མཐུན་ཚོགས་བཅས་ཀྱིས་ཉེ་སྔོན་བརྡ་སྦྱོར་བཏང་ནས། 2024ལོའི་རིག་གནས་ཚན་རྩལ་འཕྲོད་བསྟེན“གཞི་རིམ་དུ་བསྐྱོད་པ་གསུམ”གྱི་བྱ་འགུལ་སྤེལ་བར་བཀོད་སྒྲིག་བྱས།

བརྡ་སྦྱོར་གྱི་ཁྲོད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་པ། “གྲོང་ཚོ་སྟོང་གི་དཔེ་སྟོན་དང་གྲོང་ཚོ་ཁྲི་བཅོས་སྒྲིག་བྱེད་པའི”བཟོ་འགོད་ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་བྱེད་པ་དང་གྲོང་གསེབ་ཀྱི་བསམ་བློ་རིག་གནས་འཛུགས་སྐྱོང་ལ་ཤུགས་བསྣན་ནས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་དང་། གྲོང་གསེབ་འཛུགས་སྐྲུན་གྱི་ཆུ་ཚད་དང་། གྲོང་གསེབ་བཅོས་སྐྱོང་གི་ཆུ་ཚད། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པར་མུ་མཐུད་ཤུགས་བསྣན་ཏེ། གྲོང་གསེབ་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ཚན་རིག་ཤེས་བྱ་ཁྱབ་གདལ་གཏོང་བ། ལྗང་མདོག་སྐྱོན་བྲལ་གྱི་འཚོ་བ་སྐྱེལ་སྟངས་སྐྱེད་སྲིང་བཅས་བྱས་ནས། ནུས་པ་ལྡན་པའི་སྒོ་ནས་གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་དང་ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་ཆེད་སྲ་ཞིང་བརྟན་པའི་བསམ་བློའི་འགན་སྲུང་འདོན་སྤྲོད་བྱེད་དགོས་པ་གསལ་བོར་གཏན་འཁེལ་བྱས།

བརྡ་སྦྱོར་གྱི་ཁྲོད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་དང་དྲིལ་སྒྲོག་གཏིང་ཟབ་བྱས་ཏེ། མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་དྲིལ་སྒྲོག་སྒྲོག་འགྲེལ་བྱ་འགུལ་སྤེལ་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་ཆབ་སྲིད་ངོས་འཛིན་དང་བསམ་བློའི་ངོས་འཛིན། རིགས་པའི་གཞུང་ལུགས་ཀྱི་ངོས་འཛིན། བསམ་པའི་ངོས་འཛིན་བཅས་གཅིག་མཐུན་ཡོང་བ་བྱེད་དགོས། གྲོང་གསེབ་ཀྱི་བསམ་བློ་དང་ཆབ་སྲིད་ཀྱི་བྱ་བར་ཤུགས་སྣོན་པ་དང་ལེགས་བཅོས་བྱེད་ཅིང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར75ལོན་པར་དམིགས་ཏེ་“རྒྱལ་ཁབ་སྟོབས་ཆེན་དུ་གཏོང་བར་ང་ཚོ་ཡོད”ཅེས་པའི་མང་ཚོགས་ཀྱི་རང་བཞིན་ལྡན་པའི་བརྗོད་དོན་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། རྟེན་འབྲེལ་གྱི་བྱ་འགུལ་རབ་དང་རིམ་པ་རྒྱ་ཁྱབ་ཏུ་རྩ་འཛུགས་བྱས་ནས་སྤེལ་ཏེ། མི་རྣམས་ལ་རྒྱལ་ཁབ་ཀྱི་གནས་ཚུལ་ལ་དགའ་བ་དང་། རྒྱལ་ཁབ་སྟོབས་ཆེན་དུ་གཏོང་བ། རྒྱལ་ཁབ་ཀྱི་དྲིན་ལན་འཇལ་བ་བཅས་ཀྱི་ཐད་རང་རྟོགས་ངང་དུས་རབས་གསར་པའི་ཕུགས་འདུན་དོན་གཉེར་གྱི་ལམ་བུར་ཞུགས་པར་ཁྲིད་སྟོན་བྱེད་དགོས། གྲོང་གསེབ་ཀྱི་དར་སྲོལ་གསར་པ་དང་རྣམ་པ་གསར་པ་སྐྱེད་སྲིང་དང་། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་སོགས་གཞི་རིམ་གྱི་གཡུལ་སའི་ནུས་པ་འདོན་སྤེལ་བྱེད་པ། ཁྱིམ་ཚང་གི་ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་པ་བཅས་བྱས་ཏེ། གཉེན་རྟེན་མཐོ་པོ་དང་དུར་རྫས་མང་པོ་སོགས་ལུགས་རྙིང་སྲོལ་ངན་རྒྱུན་མཐུད་ངང་བཅོས་སྒྲིག་བྱེད་དགོས། ཞིང་པའི་བསམ་བློ་དང་རིག་གནས་འཚོ་བའི་རེ་འདུན་གསར་པ་སྐོང་བར་དམིགས་ཏེ་སྲོལ་རྒྱུན་དུས་ཆེན་གྱི་རིག་གནས་ནང་དོན་སྔོག་འདོན་གཏིང་ཟབ་བྱས་ནས། དགེ་མཚན་ལྡན་ཞིང་སྐྱོན་དང་བྲལ་བའི་དམངས་སྲོལ་རིག་གནས་ཀྱི་བྱ་འགུལ་སྤེལ་བ་དང་། གཞི་རིམ་མང་ཚོགས་ཀྱིས་རིག་གནས་ཀྱི་བྱ་འགུལ་རང་གཉེར་བྱེད་པར་བསྔགས་སྐུལ་དང་རྒྱབ་སྐྱོར་བྱས་ནས། གྲོང་གསེབ་ཀྱི་ལོ་རྒྱུས་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པར་ཤུགས་སྣོན་བྱ་དགོས། གྲོང་གསེབ་ཀྱི་ཚན་རྩལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དང་། ལག་རྩལ་གསར་པ་གསར་གཏོད་དང་། དཔེ་སྟོན། ཁྱབ་གདལ་བཅས་ཀྱི་ལས་དོན་སྤེལ་བ། གྲངས་འཛིན་ཅན་གྱི་སྤྱི་ཕན་ཞིང་སྐྱོར་ལས་སྟེགས་བསྐྲུན་པ། ཚན་རིག་ཁྱབ་གདལ་གྱི་དཔེ་སྟོན་བྱ་འགུལ་དང་ཚན་རིག་ཁྱབ་གདལ་རྣམ་གྲངས་གྲོང་གསེབ་ཏུ་སྣུར་སྲིང་བྱེད་པར་སྐུལ་འདེད་གཏོང་བ། ཚན་རིག་ཤེས་བྱ་དང་མཐུན་པའི་ངང་དྲིལ་སྒྲོག་དང་། ཚན་རིག་དང་མཐུན་པའི་ཐབས་ཤེས། ཚན་རིག་དང་མཐུན་པའི་བསམ་བློ། ཚན་རིག་དང་མཐུན་པའི་སྙིང་སྟོབས་བཅས་བརྒྱུད་སྤེལ་བཅས་བྱེད་དགོས། བདེ་ཐང་གི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་། གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་བ། བདེ་ཐང་གི་ཤེས་བྱ་ཁྱབ་གདལ་གཏོང་བ། ཡ་རབས་སྐྱོན་བྲལ་གྱི་འཚོ་བའི་འདུ་ཤེས་དར་སྤེལ་གཏོང་དགོས་པར་ནན་གྱིས་བསྟན།

བརྡ་སྦྱོར་གྱི་ཁྲོད་ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཚན་སོ་སོས་དངོས་ཕན་དོན་གཉེར་བྱས་ནས“གཞི་རིམ་དུ་བསྐྱོད་པ་གསུམ”གྱི་བྱ་འགུལ་དེས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་པ་དང་། རྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་སྣོན་པ། མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། མི་རིགས་ས་ཁུལ་དང་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ། མཐའ་མཚམས་ས་ཁུལ། དབུལ་ཐར་ས་ཁུལ། དབུས་ནུབ་ས་ཁུལ་བཅས་ལ་མུ་མཐུད་ཕྱོགས་པ་བཅས་བྱས་ཏེ། མང་ཚོགས་ཀྱི་མྱོང་ཚོར་ཡོད་པའི་དོན་དངོས་སྐོར་ཞིག་ཡག་པོར་སྒྲུབ་དགོས། གཞུང་དྲང་གསར་གཏོད་རྒྱུན་འཁྱོངས་དང་། ཡུལ་བབ་དང་བསྟུན་པ་དང་རིགས་འབྱེད་ཇུས་གཞི་འདོན་པ། གོམ་པ་རིམ་བགྲོད་དང་ཡུན་རིང་ལ་བྱས་རྗེས་འཇོག་པ། “གཞི་རིམ་དུ་བསྐྱོད་པ་གསུམ”གྱི་ལས་དོན་གྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་མུ་མཐུད་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་ནས་གཅིག་སྡུད་ཀྱི་དཔེ་སྟོན་བྱ་འགུལ་གྱི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ། གཙོ་གནད་རྣམ་གྲངས་བཅས་ཀྱི་འཕེལ་རིམ་གསར་པ་དང་ཕན་འབྲས་གསར་པ་ཐོབ་པར་དྲིལ་སྒྲོག་གང་ལེགས་བྱས་ཏེ། དུས་རབས་གསར་པའི་གྲོང་གསེབ་དར་སྤེལ་གཏོང་བའི་གཏམ་རྒྱུད་ཡག་པོ་བརྗོད་དགོས་པའི་བླང་བྱ་བཏོན།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།