ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་ཡིས2024ལོའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་དཔྱིད་དུས་ཀྱི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་མཁྲེགས་གཏོར་འགུལ་སྐྱོད་སྤེལ་བར་བཀོད་སྒྲིག་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས20ཉིན་སློབ་གསོ་པུའུ་ནས་རྒྱུས་ལོན་པ་ལྟར་ན། དཔྱིད་དུས་སློབ་མགོ་ཚུགས་པའི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་གནད་འགག་གི་དུས་ཚིགས་དམ་འཛིན་བྱས་ཏེ། མཐོ་རིམ་སློབ་གྲྭའི་མཐར་ཕྠཡིན་སློབ་མ་སྤུས་ཚད་མཐོ་བའི་སྒོ་ནས་ལས་ཞུགས་བྱེད་པར་སྐུལ་འདེད་གཏོང་ཆེད། སློབ་གསོ་པུའུ་ཡིས2024ལོའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་དཔྱིད་དུས་ཀྱི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་མཁྲེགས་གཏོར་འགུལ་སྐྱོད་སྤེལ།

དེའི་རིང“ཁེ་ལས་ཁྲི་སློབ་གྲྭར་སྐྱོད་པའི”གདན་ཞུའི་བྱེད་སྒོ་སྤེལ་ནས“ཁེ་ལས་ཀྱིས་ལས་གནས་རྒྱ་ཆེར་གཏོང་བའི”ཆེད་དོན་འགུལ་སྐྱོད་སྤེལ་རྒྱུ་རེད། སློབ་གསོ་པུའི་བླང་བྱ་ལྟར་ན། ས་གནས་སོ་སོ་དང་མཐོ་རིམ་སློབ་གྲྭ་སོ་སོས་སློབ་གྲྭའི་གདན་ཞུའི་ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་ངང་ཁྲོམ་ར་ཅན་དང་སྤྱི་ཚོགས་ཅན་གྱི་ལས་གནས་ཐོན་ཁུངས་གཅིག་ཏུ་བསྡུ་དགོས་པ་དང་། དཔྱིད་དུས་མཁྲེགས་གཏོར་འགུལ་སྐྱོད་སྤེལ་རིང་ལས་འཚོལ་གྱི་འདོད་མོས་ཡོད་པའི་མཐར་ཕྱིན་སློབ་མ་རེར་ལས་ཞུགས་ལས་གནས་ཆ་འཕྲིན5ལས་མི་ཉུང་བ་མཁོ་འདོན་བྱེད་དགོས། རིམ་པ་གཉིས་པའི་སློབ་གླིང་དང་ཚན་ཁག་གིས་རིག་ཚན་གྱི་ཆེད་ལས་ས་ཚིགས་ཚན་པར་བྱས་ནས་བཅར་འདྲི་བྱེད་དགོས་པ་དང་ལྷག་པར་དུ་གསར་དུ་བཀོད་སྒྲིག་བྱས་པའི་ཆེད་ལས་དང་ལོ་འཁོར་གོང་མའི་མཐར་ཕྱིན་བྱེད་ཡུལ་དོན་འཁྱོལ་བྱེད་ཚད་སློབ་གྲྭ་དེ་གའི་ཆ་སྙོམས་ཆུ་ཚད་ལས་དམའ་བའི་ཆེད་ལས་ཡིན་ཚེ་མཐར་ཕྱིན་སློབ་མའི་ལས་ཞུགས་ཀྱི་དགོས་མཁོ་དང་ཟུང་འབྲེལ་གྱིས་ཁེ་ལས་ཀྱི་ལས་སྟེགས་སྒྲོལ་བར་ནུས་ལྡན་ངང་བཅར་འདྲི་བྱེད་དགོས།

གཞན་ཡང་སློབ་གསོ་པུས་ད་དུང་ས་གནས་སོ་སོ་དང་མཐོ་རིམ་སློབ་གྲྭ་སོ་སོས་མཐར་ཕྱིན་སློབ་མའི་ལས་ཞུགས་འདུ་ཤེས་ཀྱི་སློབ་གསོ་ཁྲིད་སྟོན་ལ་ཤུགས་བསྣན་ནས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མས་ཡང་དག་པའི་ལས་ཞུགས་རིན་ཐང་ལྟ་བ་འཛུགས་པར་ཁྲིད་སྟོན་བྱེད་དགོས་པ་དང་། “དྲ་སྦྲེལ་དང་ལས་ཞུགས་མཛུབ་ཁྲིད་ཟུང་འབྲེལ”གྱི་སྤྱི་ཕན་ཐད་གཏོང་སློབ་ཚན་སོགས་ལས་ཞུགས་ཀྱི་མཛུབ་ཁྲིད་ཐོན་ཁུངས་སྣ་ཚོགས་གང་ལེགས་སྤྱད་དེ། མཐར་ཕྱིན་སློབ་མར་རང་གཤིས་ཅན་གྱི་ལས་ཞུགས་མཛུབ་ཁྲིད་དང་ཞབས་ཞུ་མཁོ་འདོན་བྱེད་པ། ལས་ཞུགས་བདེ་འཇགས་ཀྱི་སློབ་གསོ་དང་ཡིད་རྟོན་གྱི་སློབ་གསོ་ཧུར་ཐག་སྤེལ་བ་དང་། ལས་ཞུགས་དང་འབྲེལ་བའི་ཉེན་ཁ་འགོག་ཟོན་ལ་ཤུགས་སྣོན་བརྒྱབ་སྟེ། མཐར་ཕྱིན་སློབ་མས“མཚམས་སྦྱོར་ནག་པོ”དང“སློབ་ཡོན་སྤྲོད་པའི་དངོས་སྦྱོང”སོགས་ཀྱི་ལས་ཞུགས་གཡོ་སྒྱུ་འགོག་ཟོན་བྱེད་རོགས་བྱས་ནས་མཐར་ཕྱིན་སློབ་མའི་ལས་འཚོལ་བདེ་འཇགས་ཀྱི་འདུ་ཤེས་དང་ཁྲིམས་སྐྱོང་གི་འདུ་ཤེས་གཏིང་ཟབ་ཏུ་གཏོང་དགོས།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།