ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཆང་གིས་མགོ་འཛིན་གནང་སྟེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལི་ཆང་གིས་མགོ་འཛིན་གནང་སྟེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

《རྒྱལ་སྲིད་སྤྱི་ཁྱབ་ཁང་གི2024ལོའི་གཙོ་གནད་ལས་དོན་གྱི་ལས་བགོས་ཇུས་གཞི》དང《རེས་སྐོར་གསར་པའི་འབྲུ་རིགས་རྒྱ་མ་དུང་ཕྱུར་སྟོང་གི་ཐོན་ནུས་མཐོ་འདེགས་གཏོང་བའི་བྱ་སྤྱོད་ཇུས་གཞི(2024-2030ལོ་བར)》《ཚད་གཞི་རིམ་འཕར་གྱིས་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་གཏོང་བའི་ལས་དོན་ལ་རམ་འདེགས་བྱེད་པའི་ཇུས་གཞི》བཅས་ལ་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་བ་མ་ཟད། 

འོས་འགན་སློབ་གསོ་སྤུས་དག་དང་དོ་མཉམ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་སྐོར་གྱི་འབྲེལ་ཡོད་བྱེད་ཐབས་ཀྱི་སྙན་ཞུ་ཉན་པ་དང་།《དམག་མིའི་འཆི་གོད་གྱོང་གསབ་ཀྱི་གཟིགས་སྐྱོང་སྲོལ་ཡིག(བཟོ་བཅོས་མ་ཟིན)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས12ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མགོ་འཛིན་གནང་སྟེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཤིང་།《རྒྱལ་སྲིད་སྤྱི་ཁྱབ་ཁང་གི2024ལོའི་གཙོ་གནད་ལས་དོན་གྱི་ལས་བགོས་ཇུས་གཞི》དང《རེས་སྐོར་གསར་པའི་འབྲུ་རིགས་རྒྱ་མ་དུང་ཕྱུར་སྟོང་གི་ཐོན་ནུས་མཐོ་འདེགས་གཏོང་བའི་བྱ་སྤྱོད་ཇུས་གཞི(2024-2030ལོ་བར)》《ཚད་གཞི་རིམ་འཕར་གྱིས་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་གཏོང་བའི་ལས་དོན་ལ་རམ་འདེགས་བྱེད་པའི་ཇུས་གཞི》བཅས་ལ་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་བ་མ་ཟད། འོས་འགན་སློབ་གསོ་སྤུས་དག་དང་དོ་མཉམ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་སྐོར་གྱི་འབྲེལ་ཡོད་བྱེད་ཐབས་ཀྱི་སྙན་ཞུ་ཉན་པ་དང་།《དམག་མིའི་འཆི་གོད་གྱོང་གསབ་ཀྱི་གཟིགས་སྐྱོང་སྲོལ་ཡིག(བཟོ་བཅོས་མ་ཟིན)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་མཇུག་འགྲིལ་མ་ཐག་པའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《སྲིད་གཞུང་གི་བྱ་བའི་སྙན་ཞུ》ནང་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཁ་གསལ་བཟོས་ཡོད། སྡེ་ཁག་དང་ལས་ཁུངས་སོ་སོས“རྟག་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲིའི་བསམ་པ་ཆེ་རུ་གཏོང་བ་དང“བྱ་བ་ཐམས་ཅད་སེམས་སུ་གདེང་ཚོད་ཡོད་པའི”བྱ་སྤྱོད་ཀྱི་ནུས་པར་བསྒྱུར་ཏེ་ཕྱོགས་སོ་སོའི་ཧུར་བརྩོན་རང་བཞིན་སྐུལ་སྤེལ་གང་ལེགས་བྱས་ཏེ་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་སྔར་བས་ཆེ་རུ་གཏོང་བ་དང་ལས་དོན་སོ་སོ་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། ལག་བསྟར་བྱེད་ཐབས་ཞིབ་ཕྲ་བཟོས་ནས་གཙོ་གནད་ཀྱི་ལས་དོན་ཁག་དང་སྡེ་ཁག་སོ་སོའི་འགན་འཁྲི་དེ་ཞིབ་ཕྲ་སྒོས་ལག་བསྟར་བྱ་ཐབས་དང་སྲིད་ཇུས་བྱ་ཐབས་ཐོག་དོན་འཁྱོལ་བྱེད་དགོས། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ་སྣེ་ཁྲིད་སྡེ་ཁག་གིས་རང་འགུལ་ངང་འབྲེལ་མཐུད་དང་མཐུན་སྦྱོར་བྱས་ཤིང་། སྡེ་ཁག་ནང་ཞུགས་ཏེ་གཞོགས་འདེགས་དང་རྒྱབ་སྐྱོར་དམ་ཟབ་བྱས་ཏེ་ཕྱོགས་གཅིག་ལ་ཤུགས་བསྣན་རྒྱུ་དང་མཉམ་ཤུགས་འདོན་པར་ཁག་ཐེག་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་གྱི་བྱ་བ་ལེགས་པོ་བསྒྲུབ་རྒྱུ་དང་རྒྱུན་གཏན་གྱི་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ། ལྟ་སྐུལ་ཞིབ་བཤེར་གྱི་བྱེད་སྟངས་འཐུས་ཚང་དུ་གཏོང་བ། ལྟ་སྐུལ་ཞིབ་བཤེར་གྱི་ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ཏེ་རིམ་པ་བཞིན་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ཏུ། འབྲུ་རིགས་བདེ་འཇགས་འགན་ལེན་བྱ་རྒྱུ་ནི་དོན་ཆེན་ནང་གི་འགངས་ཆེན་རེད། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་སྟེ་རེས་སྐོར་གསར་པའི་འབྲུ་རིགས་ཐོན་ནུས་རྒྱ་མ་དུང་ཕྱུར་སྟོང་མཐོ་རུ་གཏོང་བའི་འགུལ་སྐྱོད་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་འབྲུ་རིགས་འཕར་བར་ས་ཞིང་དང་འབྲུ་རིགས་འཕར་བར་ལག་རྩལ་ལ་བརྟེན་རྒྱུ་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་བསྟན། རིགས་སྣ་བཀར་ནས་ཐོན་ནུས་སྤར་བའི་ལས་འགན་དང་ས་ཁོངས་དབྱེ་ནས་ཐོན་ནུས་སྤར་བའི་བཀོད་སྒྲིག་བྱེད་ཚུལ་དོན་འཁྱོལ་བྱེད་པ། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་དང་འདེབས་འཛུགས་ལས་རིགས་དར་རྒྱས་གཏོང་བའི་འདེགས་སྐྱོར་རང་བཞིན་གྱི་བཟོ་སྐྲུན་གལ་ཆེན་ཁག་གཅིག་ཇུས་འགོད་ལག་བསྟར་བྱེད་པ། འབྲུ་རིགས་བདེ་འཇགས་ཀྱི་རང་འགུལ་དབང་ཆ་བདག་བཟུང་ནན་མོ་བཅས་བྱེད་དགོས་ཞེས་བསྟན།

ཚོགས་ཐོག་ནས། ཚད་གཞི་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ་མང་ཚོགས་ཀྱི་དགོས་མཁོ་སྔར་བས་སྐོང་རྒྱུ་དང་ཐོན་ལས་གཞན་སྒྱུར་ལ་རོགས་སྐྱོར། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་པ་དང་། ཚད་གཞིའི་ལམ་ལུགས་བཟོ་བཅོས་བྱེད་པའི་ལས་དོན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་ཁེ་ལས་དང་འཛད་སྤྱོད་པའི་བསམ་འཆར་བསྡུ་ལེན་གང་ལེགས་བྱས་ཏེ་འཕྲལ་སྤྱོད་སྔོན་སྤེལ་མཐའ་འཁྱོངས་བྱ་རྒྱུ་དང་། གནད་སྨིན་འཐུས་ཚང་བྱུང་ཚེ་དུས་ཐོག་ཏུ་ཚད་གཞི་གཏན་འབེབ་བྱ་དགོས། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་པ་དང་ལེ་ལག་ཚང་བའི་སྲིད་ཇུས་འཐུས་ཚང་དུ་བཏང་ནས་ཚད་གཞི་ཁག་སོ་སོ་དོན་འཁྱོལ་ཡོང་བར་འགན་ལེན་བྱེད་དགོས་པར་བསྟན།

ཚོགས་ཐོག་ཏུ། སློབ་གཉེར་ཆ་རྐྱེན་དང་སློབ་གསོའི་སྤུས་ཚད། མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་བཅས་མཐོ་རུ་གཏོང་རྒྱུ་དེ་བྱ་བའི་གཙོ་གནད་དུ་བཟུང་ནས་ས་ཁོངས་དང་གྲོང་གསེབ། སློབ་གྲྭ ཚོགས་སྤྱི་བཅས་ཀྱི་སློབ་གསོའི་ཧེ་བག་རྒྱུན་ཆད་མེད་པར་ཇེ་ཆུང་དུ་བཏང་སྟེ་སྔར་བས་དྲང་གཞག་དང་སྤུས་ཚད་མཐོ་བའི་འོས་འགན་སློབ་གསོ་ཡག་པོ་བསྒྲུབ་དགོས། མི་འབོར་འགྱུར་ལྡོག་དང་རྣམ་པ་གསར་བའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རིམ་དང་འཚམ་པར་བྱས་ཏེ་འོས་འགན་སློབ་གསོའི་དགོས་མཁོ་དང་འགྱུར་ལྡོག་ལ་སྔོན་དཔག་དང་བརྡར་ཤ་གཅོད་པ་དང་། ཐོན་ཁུངས་བཀོད་སྒྲིག་གི་སྟབས་བསྟུན་རང་བཞིན་དང་འཚམ་བསྟུན་རང་བཞིན་ཇེ་དྲག་ཏུ་གཏོང་བ། ནོར་སྲིད་རང་བཞིན་གྱི་འོས་འགན་སློབ་གསོའི་གྲོན་དངུལ་ལྷུ་ཚིགས་ཞན་སར་ཤུགས་སྣོན་བརྒྱག་པ། འོས་འགན་སློབ་གསོ་འཕེལ་རྒྱས་གཏོང་བའི་ཞན་ཆ་ཁ་གསབ་བྱེད་པར་ཤུགས་སྣོན་བརྒྱག་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུའི་སྟེང་། དམག་མིའི་འཆི་གོད་གྱོང་གསབ་ཀྱི་གཟིགས་སྐྱོང་བྱ་བ་ཡག་པོ་བསྒྲུབ་རྒྱུ་དེ་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་བྱ་གཞག་དང་འབྲེལ་ཡོད། ཚོགས་ཐོག་ཏུ《དམག་མིའི་འཆི་གོད་གྱོང་གསབ་ཀྱི་གཟིགས་སྐྱོང་སྲོལ་ཡིག(བཟོ་བཅོས་མ་ཟིན)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། གཏན་འབེབས་བྱས་པའི་བླང་བྱ་དང་ཚད་གཞི་ལྟར་འཆི་གོད་གྱོང་གསབ་ཀྱི་གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།