ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གི་གསུང་བཤད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-03-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གི་གསུང་བཤད།

(2024ལོའི་ཟླ3པའི་ཚེས11ཉིན) 

ཀྲའོ་ལེ་ཅི།

འཐུས་མི་རྣམ་པ།

སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་རིམ་སོ་སོ་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་བྱུང་ཡོད། འཐུས་མི་ཡོངས་དང་འབྲེལ་ཡོད་ཕྱོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་པར་བརྟེན་ནས་གྲོས་ཚོགས་བདེ་བླག་ངང་མཇུག་སྒྲིལ་ཞིང་། ངོས་འཛིན་གཅིག་མཐུན་བྱུང་བ་དང་ལས་འགན་གསལ་བོར་གཏན་ཁེལ་བྱས་ལ། ཡིད་ཆེས་དང་སྤོབས་པའང་ཇེ་ཆེར་སོང་སོང་ཡོད་པས། དེ་ནི་དར་ཆ་མཐོན་པོར་སྒྲེང་བ་དང་དངོས་སྒྲུབ་དོན་གཉེར། མཐུན་སྒྲིལ་ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་ཡིན།

ཚོགས་ཆེན་འཚོག་རིང་འཐུས་མི་ཚོས་ཏང་དང་མི་དམངས་ཀྱི་མངག་བཅོལ་གལ་ཆེན་ཕྲག་ཏུ་འཁུར་ནས་ཆབ་སྲིད་ཀྱི་སྤྲོ་སེམས་རབ་ཏུ་འཕེལ་བ་དང་དཔའ་ངར་ཆེར་བསྐྱེད་ཀྱི་བསམ་པའི་འཁྱེར་སོར་བརྟེན་ནས་ཁྲིམས་ལྟར་རང་འགན་གཙང་སྒྲུབ་དང་། སྙན་ཞུ་དང་གྲོས་གཞི་སོ་སོར་གྲོས་ཞིབ་ནན་ཏན་བྱས་ཏེ། ཚོགས་འདུའི་གྲུབ་འབྲས་ཀྱིས་ཏང་གི་འདོད་ཚུལ་དང་མི་དམངས་ཀྱི་འདོད་བློ་གཅིག་གྱུར་གང་ལེགས་མཚོན་པ་དང་། བརྒྱུད་རིམ་ཧྲིལ་པོར་མི་དམངས་དང་རྒྱལ་ཁབ་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་ལེགས་ཆ་མངོན་གསལ་སྒོས་མཚོན་ཡོད།

འཐུས་མི་རྣམ་པ།

ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར75ལོན་པའི་ལོ་ཡིན་པ་དང་། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོའང་ཡིན། ཚོགས་ཆེན་སྟེང་གཏན་འབེབས་བྱས་པའི་ལས་འགན་སོ་སོ་དོན་འཁྱོལ་ནན་ཏན་དང་། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་འབེན་མངོན་འགྱུར་ལ་འབད་བརྩོན་བྱེད་པར་དོན་སྙིང་ཧ་ཅང་གལ་ཆེན་ལྡན།

ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ་བློ་གཅིག་སེམས་གཅིག་དང་། སེམས་ཤུགས་གཅིག་སྒྲིལ། མཐུན་སྒྲིལ་འབད་འཐབ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དང་། འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་བསྟར་བྱས་ནས། མི་དམངས་ཀྱིས་གླེང་བའི་བསམ་འདུན་དང་བསྐྲུན་པའི་ཉམས་མྱོང་། རང་ལ་ཡོད་པའི་དབང་ཆ། བཏོན་པའི་ནུས་པ་བཅས་ལ་བརྩི་འཇོག་གང་ལེགས་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་ལས་སྐྲུན་ལས་གཏོད་ཀྱི་སྤྲོ་སེམས་དང་གསོན་ཤུགས་འཕེལ་བར་བྱས་ནས། མཐུན་སྒྲིལ་འབད་འཐབ་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས། བདེན་འཚོལ་དངོས་གཉེར་དང་། དངོས་སྒྲུབ་དོན་གཉེར། འགག་སྒྲོལ་དཀའ་སེལ། ལེགས་སྒྲུབ་དང་སྒྲུབ་པར་ཁེ་བ་བཅས་བྱས་ནས། དཀའ་ངལ་རེ་རེ་བཞིན་སེལ་བ་དང་། ལས་དོན་རེ་རེ་བཞིན་བསྒྲུབས་པ། ལས་འགན་རེ་རེ་བཞིན་ལེགས་འགྲུབ་བྱུང་སྟེ། མཐུན་སྒྲིལ་འབད་འཐབ་བྱེད་པའི་རིང་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་རྒྱུན་ཆད་མེད་པར་མངོན་འགྱུར་བྱེད་དགོས།

འཐུས་མི་རྣམ་པ།

མཐུན་སྒྲིལ་འབད་འཐབ་ནི་ཀྲུང་གོའི་མི་དམངས་ཀྱིས་ལོ་རྒྱུས་ཀྱི་རླབས་ཆེའི་བྱ་གཞག་བསྐྲུན་པར་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་ཞིག་ཡིན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་དང་། མི་བརྒྱ་སེམས་གཅིག འབད་འཐབ་ཡར་བརྩོན་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྒོ་ཀུན་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས། །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།