ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་འཐུས་མིའི་གྲོས་གཞི298འབྱོར།

ཡོང་ཁུངས། : གངས་ལྗོངས་མེ་ལོང་།     སྤེལ་དུས། : 2024-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས9ཉིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་དྲུང་ཡིག་ཁྲུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་ཐག་གཅོད་བྱེད་པའི་འཐུས་མིའི་གྲོས་གཞི་སྤྲོད་པའི་དུས་ཡུན་ཟླ3པའི་ཚེས8ཉིན་གྱི་དུས་ཚོད་བཅུ་གཉིས་སྟེང་མཚམས་བཞག་པ་དང་། ཚོགས་ཆེན་དྲུང་ཡིག་ཁྲུའུ་ལ་བསྡོམས་པས་འཐུས་མིའི་གྲོས་གཞི་ཉིས་བརྒྱ་གོ་བརྒྱད་འབྱོར། དེ་ལས་གཞན། ད་ལྟ་ཚོགས་ཆེན་དྲུང་ཡིག་ཁྲུའུ་ལ་འཐུས་མིས་ཕྱོགས་སོ་སོའི་ལས་དོན་ཐད་བཏོན་པའི་གྲོས་གཞི་དང་། སྐྱོན་བརྗོད། བསམ་ཚུལ་བཅས་སྟོང་བདུན་ལྷག་འབྱོར་ཡོད།

ཚོགས་ཆེན་དྲུང་ཡིག་ཁྲུའུ་གྲོས་གཞི་ཚན་ཁག་གི་ཚན་གཙོ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀོ་ཀྲིན་ཧྭ་ཡིས། ཐེངས་འདིའི་ཚོགས་ཆེན་སྟེང་འཐུས་མིས་བཏོན་པའི་གྲོས་གཞིའི་ཁྲོད། འཐུས་ཚབ་ཚོགས་པས་གྲོས་གཞི་བཅུ་དྲུག་སྤྲད་པ་དང་། འཐུས་མི་སུམ་ཅུ་ཡན་གྱི་མཉམ་འབྲེལ་མིང་ཐོག་ནས་གྲོས་གཞི་ཉིས་བརྒྱ་དོན་གཉིས་སྤྲད་ཡོད་པ་མཚམས་སྦྱོར་བྱས་ཤིང་། གྲོས་གཞི་དེ་དག་གི་ཁྲོད་དུ། བཅའ་ཁྲིམས་རིགས་ཉིས་བརྒྱ་གོ་གཉིས་དང་། རྩ་ཁྲིམས་དང་འབྲེལ་བའི་རིགས་བཅུ་གཉིས། དམངས་ཁྲིམས་དང་ཚོང་ཁྲིམས་ཀྱི་རིགས་ཉེར་བརྒྱད། སྲིད་འཛིན་བཅའ་ཁྲིམས་རིགས་གྱ་དྲུག དཔལ་འབྱོར་བཅའ་ཁྲིམས་རིགས་རེ་དགུ། སྤྱི་ཚོགས་བཅའ་ཁྲིམས་རིགས་ཞེ་བཞི། ཉེས་དོན་ཁྲིམས་རིགས་བཅུ་བཞི། ཞུ་གཏུག་དང་ཞུ་གཏུག་མིན་པའི་ལས་རིམ་བཅའ་ཁྲིམས་རིགས་སོ་དགུ་བཅས་འདུས་ཡོད།

རྒྱུས་ལོན་པ་ལྟར་ན། ད་ལོའི་འཐུས་མིའི་གྲོས་གཞིར་ཁྱད་ཆོས་བཞི་ཡོད་དེ། གཅིག་ནི་སྤུས་ཚད་མཐོ་བའི་ཁྲིམས་འཛུགས་ཀྱིས་སྤུད་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བྱེད་པ་རྒྱུན་འཁྱོངས་བྱས་ཡོད། འཐུས་མིས་བཏོན་པའི་གྲོས་གཞི་ལས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བླང་བྱ་གསར་བ་མངོན་པར་བྱས་ཤིང་། སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཐོན་སྐྱེད་ནུས་ཤུགས་གསར་མ་མྱུར་དུ་འཕེལ་རྒྱས་གཏོང་བ་སོགས་དང་འབྲེལ་བའི་གྲོས་གཞི་གྱ་གཅིག་ཡོད་ལ། བཅའ་ཁྲིམས་གྲོས་གཞིའི་ཁྲོད་ཀྱི་བརྒྱ་ཆའི་ཉེར་བདུན་དང་གྲངས་ཆུང་བདུན་ཟིན་ཡོད། གཉིས་ནི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་འགན་གཙོ་བོར་དམིགས་ནས་གྲོས་གཞི་བཏོན་ཡོད། གྲོས་གཞི་བརྒྱ་དང་དོན་བདུན་དང་འབྲེལ་བའི་ཁྲིམས་འཛུགས་རྣམ་གྲངས་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་འཆར་གཞིའི་ཁྲོད་བཞག་པ་དང་། གྲོས་གཞི་གྱ་དྲུག་དང་འབྲེལ་བའི་ཁྲིམས་འཛུགས་རྣམ་གྲངས་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་ཉེར་བཞི་ལོའི་ཁྲིམས་འཛུགས་འཆར་གཞིའི་ཁྲོད་བཞག་ཡོད། གསུམ་ནི་གྲོས་གཞིའི་དམངས་འདོད་རྨང་གཞི་བརྟན་པོར་བཏང་ཡོད། འཐུས་མིས་ཆེད་དོན་རྟོག་ཞིབ་དང་ཞིབ་བཤེར། བཞུགས་མོལ་དང་འཚམས་འདྲི་སོགས་ཀྱི་བྱེད་ཐབས་སྤྱད་དེ་དམངས་ལ་བློ་འདྲི་དང་དམངས་ཀྱི་དགོས་མཁོ་ཤེས་རྟོགས་བྱས་ཡོད། བཞི་ནི་གྲོས་གཞིའི་ཁ་གཏད་རང་བཞིན་དང་ཕན་འབྲས་རང་བཞིན་ཇེ་མཐོར་བཏང་སྟེ། འཐུས་མིས་ཁྲིམས་འཛུགས་སྤུས་ཚད་ཇེ་མཐོར་གཏོང་བའི་གནད་འགག་དམ་འཛིན་བྱས་ཤིང་། ནན་ཏན་སྒོས་གྲོས་གཞིར་གྲོས་སྡུར་དང་། བཟོ་བཅོས་འཐུས་ཚང་དུ་བཏང་ཡོད།

ཀོ་ཀྲིན་ཧྭ་ཡིས་འཐུས་མིའི་གྲོས་གཞི་ལས་དོ་སྣང་བྱེད་ས་གཙོ་བོ་ནི། ཐོན་སྐྱེད་ནུས་ཤུགས་གསར་མ་མྱུར་དུ་གྲུབ་པར་བྱས་ནས་གསར་དར་ཐོན་ལས་དང་མ་འོངས་པའི་ཐོན་ལས་གསོ་སྐྱོང་བྱེད་པ་དང་། གཞི་གྲངས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཏང་སྟེ་གཞི་གྲངས་དཔལ་འབྱོར་མྱུར་དུ་འཕེལ་རྒྱས་གཏོང་བ། ཚན་རྩལ་འཇོན་མིའི་ཕྱོགས་བསྡུས་བཅོས་སྒྱུར་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས་སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་པར་ཤུགས་སྣོན་པ། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱས་ཏེ་ཕན་ཡོན་དངུལ་གཏོང་རྒྱ་བསྐྱེད་པ། རང་མོས་ཉོ་ཚོང་ཁུལ་མཐོར་འདེགས་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ཏེ་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་ཞབས་འདེགས་ཞུ་བ། ཞིང་ལས་བདག་གཉེར་གཙོ་གཞི་གསར་གྲས་དང་སྤྱི་ཚོགས་ཅན་གྱི་ཞབས་ཞུ་འཕེལ་རྒྱས་བཏང་སྟེ། ཞིང་ལས་རིག་ནུས་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ། གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་མྱུར་དུ་གྲུབ་པར་བྱེད་པ་སོགས་ཡིན་པ་མཚམས་སྦྱོར་བྱས།

མཚམས་སྦྱོར་བྱས་པ་ལྟར་ན། ཚོགས་ཆེན་དྲུང་ཡིག་ཁྲུའུ་ཡིས་འཐུས་མིའི་གྲོས་གཞིར་སྔར་ལས་ནན་ཏན་སྒོས་དབྱེ་ཞིབ་བྱེད་བཞིན་ཡོད་ལ། གྲོས་གཞིས་བཏོན་པའི་ཐག་གཅོད་བསམ་ཚུལ་གྱི་སྙན་ཞུ་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པར་གྲོས་ཞིབ་བྱེད་པར་སྤྲོད་རྒྱུ་རེད། ད་ལོར། རྒྱལ་ཡོངས་དམངས་ཆེན་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་ནན་མོ་བྱེད་པའི་རྨང་གཞིའི་སྟེང་། ཁྲིམས་ལྟར་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་གཞིའི་གྲོས་ཞིབ་མཇུག་འབྲས་ཀྱི་སྙན་ཞུ་འབུལ་རྒྱུ་རེད།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།