ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་དཔེ་སྟོན་ལས་ཁུངས་སྐོར་ཐེངས་གསར་བ་ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-01-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས23ཉིན། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཧོ་པའེ་ཞིང་ཆེན་ཁྲུན་ཏི་གྲོང་ཁྱེར་དང་ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུགས་རྗེས་དྲན་ཁང་སོགས་ས་ཁུལ་དང་ལས་ཁུངས248ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་དཔེ་སྟོན་ལས་ཁུངས་སྐོར་བཅུ་གཅིག་པའི་ནང་བཞག་པ་དང་། དཔེ་སྟོན་ཁུལ་དང་དཔེ་སྟོན་ལས་ཁུངས16ལ་སྒོ་བྱང་བསྩལ་བ་ཁྱབ་བསྒྲགས་གནང་། 

གསར་འགོད་པས་ཉིན་དེར་བསྡུས་པའི་རྒྱལ་ཡོངས་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུ་ལས་ཤེས་གསལ་ལྟར་ན། 2023ལོར་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཞི་རྩའི་ཁ་ཕྱོགས་སུ་བརྩིས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དམིགས་ཚད་མ་ལག་གསར་པ་གཏན་འབེབས་དང་ལག་བསྟར་བྱེད་པ། གྲོང་རྡལ་དང་ཁྲོམ་གཞུང་། སློབ་གྲྭ། ལས་ཁུངས། ཁེ་ལས། སྡོད་ཁུལ་སོགས་ལ་དཔེ་སྟོན་ཁུལ་གསར་པས་ཁྱབ་པར་བྱས་ཏེ། ས་གནས་ཁག་གིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ལས་དོན་ཡག་པོ་བསྒྲུབ་པའི་ཚད་གཞི་ལྟ་བུ་ཞིག་ཏུ་བསྒྱུར་དགོས། 

ལོ་གཅིག་གི་རིང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་བྱས་ཏེ《ཀྲུང་ཧྭ་མི་རིགས་བར་འགྲོ་འོང་བརྗེ་རེས་མཉམ་འདྲེས་ཀྱི་ལོ་རྒྱུས》《ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རྣམ་བཤད》གཉིས་ཐོག་མར་རྩོམ་སྒྲིག་བྱས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་རིག་དངོས་དཔེ་རྙིང་འགྲེམ་སྟོན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཉམས་ལེན་ཁང་ཐོག་མ་སྐྲུན་པ། མཉམ་འབྲེལ་སྒོས“དམངས་གཉེར་ཁེ་ལས་མཐའ་མཚམས་སུ་སྐྱོད་པའི”བྱ་འགུལ་སྤེལ་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“མཉམ་སྒྲིག”གཏོད་པར་སྐུལ་འདེད་བཏང་བ་རེད། 

ཚོགས་ཐོག་ཏུ2024ལོའི་གནད་སའི་བྱ་བར་བཀོད་སྒྲིག་བྱས།  ཚན་རིག་དང་མཐུན་ཞིང་འཐུས་ཚང་ཡིན་པའི་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་རིག་གཞུང་མ་ལག་བསྐྲུན་ཆེད་ཚོགས་འདུའི་སྟེང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ལོ་རྒྱུས་དཔྱད་གཞིའི་མ་ལག་དང་སྐད་བརྡའི་མ་ལག རིགས་པའི་གཞུང་ལུགས་ཀྱི་མ་ལག་བཅས་ཧུར་ཐག་སྒོས་བསྐྲུན་རྒྱུ་དང་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་འགྲོ་བའི་ཀུན་སྤྱོད་ཀྱི་གནས་ལུགས་དང་། ཚན་རིག་གི་གནས་ལུགས། གཏན་ཚིགས་ཀྱི་གནས་ལུགས་བཅས་གསལ་སྟོན་བྱས་ཡོད།

ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་ཆེད། ཚོགས་ཐོག་ཏུ་ཆུ་ཚད་མཐོ་བའི་སྒོ་ནས་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་འཚོགས་རྒྱུ་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་རང་བཞིན་མཚོན་པའི་རིག་རྩལ་ལེགས་གྲས་དང་རིག་གནས་གསར་གཏོད་ཐོན་རྫས། རིག་གནས་དངོས་མང་སྟོན་ཚོགས་ཀྱི་འགྲེམ་རྫས་བཅས་རིག་དངོས་ཁག་ཅིག་བཏོན་ཏེ། ཀྲུང་ཧྭའི་རིག་གནས་ཀྱི་རྨང་གཞི་བརྟན་པོ་དང་ཀྲུང་ཧྭའི་ཤེས་དཔལ་གྱི་མངོན་གསལ་ཁྱད་ཆོས་མངོན་མཚོན་བྱེད་དགོས་ཞེས་གསལ་བོ་བཏོན།

མི་རིགས་ཁག་བར་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་ཆེད། ཚོགས་ཐོག་ཏུ་མི་རིགས་ཕན་ཚུན་བར་རྒྱ་ཁྱབ་ངང་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ཀྱི་ལས་སྟེགས་ཤུགས་ཆེན་སྒོས་རྒྱ་བསྐྱེད་རྒྱུ་དང་། མི་རིགས་ཕན་ཚུན་བར་འབྲེལ་མཐུད་རྣམ་པའི་སྡེ་ཁུལ་བསྐྲུན་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་མི་རིགས་སོ་སོའི་མང་ཚོགས་རྣམས་མཉམ་དུ་སློབ་སྦྱོང་དང་མཉམ་སྐྲུན་མཉམ་སྤྱོད། མཉམ་དུ་ལོངས་སྤྱོད་བཅས་བྱེད་པའི་སྤྱི་ཚོགས་ཀྱི་ཆ་རྐྱེན་བཏོད་དེ་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོ་ཇེ་ཟབ་ཏུ་གཏོང་དགོས་ཞེས་ནན་གྱིས་བསྟན།  །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།