ཀྲུང་གོ་བོད་ཀྱི་དྲ་བ།

རེས་སྐོར་གསུམ་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་སྐོར་དང་པོས་མི17ལ་འགན་འཁྲི་བདའ་འདེད་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས6ཉིན་སྐྱེ་ཁམས་ཁོར་ཡུག་པུས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་རེས་སྐོར་གསུམ་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་སྐོར་དང་པོ5ཕྱོགས་ཡོངས་ནས་གཞི་རིམ་དུ་སྐྱོད་པའི་དུས་མཚམས་སུ་སླེབས་ཡོད། ས་གནས་སོ་སོས་ཏང་སྲིད་མགོ་ཁྲིད་ལས་བྱེད་པ43ལ་འབོད་གླེང་བྱས་པ་དང་ཏང་སྲིད་མགོ་ཁྲིད་ལས་བྱེད་པ17ལ་འགན་འཁྲི་བདའ་འདེད་བྱས།

ལྟ་ཞིབ་ཚོགས་ཆུང5ཟླ11པའི་ཚེས21ནས་ཚེས22ཉིན་བར་སྔ་རྗེས་སུ་ཧྥུའུ་ཅན་དང་ཧོ་ནན། ཧའེ་ནན། ཀན་སུའུ། མཚོ་སྔོན་བཅས་སུ་བཅའ་སྡོད་བྱས་ནས་ལྟ་ཞིབ་བྱས། ཟླ12པའི་ཚེས4ཉིན་གྱི་དགོང་མོའི་བར། ལྟ་ཞིབ་ཚོགས་ཆུང་ཁག་ལ་མང་ཚོགས་ཀྱི་ཁ་པར་དང་འཕྲིན་བཅར་ཐེར་འདོན་བསྡོམས་པས6395འབྱོར་བ་དང་། ཐེར་འདོན་གྱོད་གཞི5315བདག་སྤྲོད་བྱས་པ། ཐེར་འདོན་གྱོད་གཞི་ཁག5315གསེད་བཀྲོལ་ཟླ་སྒྲིལ་བཏང་བ་བརྒྱུད། བསྡོམས་པས་ལྟ་ཞིབ་བྱ་ཡུལ་གྱི་ས་གནས་ལ་གྱོད་གཞི4273ཞིབ་གཅོད་བྱེད་པར་བསྒྱུར་བ་དང་། ལྟ་ཞིབ་བྱ་ཡུལ་གྱི་ས་གནས་ཀྱིས་གྱོད་གཞི592ཐག་གཅོད་བྱས་ཟིན་པའམ་ཡང་ན་དུས་རིམ་བཞིན་གྱོད་གཞི592ཐག་གཅོད་བྱས་ཤིང་། དེའི་ཁྲོད་གྱོད་གཞི་ཐོ་འགོད་དང་ཆད་གཅོད་བྱེད་ཚད92དང་གྱོད་གཞི་ཁག4ཐོ་འགོད་དང་མྱུལ་ཞིབ་བྱས་ཏེ། ཏང་སྲིད་མགོ་ཁྲིད་ལས་བྱེད་པ43ལ་འབོད་གླེང་བྱས་པ་དང་། ཏང་སྲིད་མགོ་ཁྲིད་ལས་བྱེད་པ17ལ་འགན་འཁྲི་བདའ་འདེད་བྱས། 

གཞི་རིམ་དུ་བྱ་བ་སྒྲུབ་པའི་དུས་མཚམས་སུ་ལྟ་ཞིབ་ཚོགས་ཆུང་སོ་སོས་དུས་མཚམས་གོང་མའི་ལྟ་ཞིབ་རྒྱུས་ལོན་གྱི་གནས་ཚུལ་དང་གཅིག་སྡུད་ཀྱི་གནད་དོན་ཁུངས་སྣེ་གཞིར་བཟུང་སྟེ། གཞི་རིམ་དང་འཐབ་ཕྱོགས་དང་པོ། ཡུལ་དངོས་བཅས་སུ་བསྐྱོད་དེ་ས་ཁུལ་དང་གྲོང་ཁྱེར་རིམ་པའི་ཏང་ཨུ་དང་སྲིད་གཞུང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་དང་དོན་འཁྱོལ་བྱས་ཚུལ་ལ་ལྟ་ཞིབ་བྱས།

ལྟ་ཞིབ་ཚོགས་ཆུང་སོ་སོས་མངོན་གསལ་དོད་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་སྐོར་ཞིག་རྩད་ཆོད་ཐུབ་པ་དང་། ལས་དོན་མི་སྒྲུབ་པ་དང་། འགན་འཁྲི་མི་འཁུར་བ། ཐ་ན་ཁྲལ་སེལ་སླ་བཅོས་དང་མི་བདེན་རྫུན་སྒྲིག་སོགས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་སྐོར་ཞིག་ཞིབ་དཔྱད་བྱས་ནས། མིག་སྔར་དཔེ་མཚོན་གྱོད་གཞི5ཡོངས་བསྒྲགས་ངང་དམར་རྗེན་དུ་བཏོན། 

ལྟ་ཞིབ་ཚོགས་ཆུང་སོ་སོས་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་འགན་སྲུང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅས་སྤྱི་འདོམས་བྱས་ནས་མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་ཀྱིས་གླེང་མང་བའི་མངོན་གསལ་དོད་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱེད་པར་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ། དུས་ཐོག་ཏུ་གཉེར་སྒྲུབ་བྱེད་པ་དང་འཐེན་བཤེར་ཞིབ་བསྡུར་ལ་ཤུགས་སྣོན་པ། ཡུལ་དངོས་སུ་བཅར་འདྲི་བྱེད་པ་དང་འབྲེལ་མི་དམངས་མང་ཚོགས་ཀྱི་བསམ་འཆར་ཉན་པ་བཅས་བྱེད་བཞིན་ཡོད།

ལྟ་ཞིབ་ཚོགས་ཆུང་གིས་ལྟ་ཞིབ་བྱ་ཡུལ་ཀྱིས་གནད་འཁེལ་ཚན་རིག་དང་མཐུན་ལ་ཁྲིམས་ལྟར་ཕྱོགས་གཅིག་ནས་ལྟ་སྐུལ་དང་ཕྱོགས་གཅིག་ནས་དག་ཐེར་ལ་སྐུལ་འདེད་གཏོང་བ་དང་། ཞིབ་ཕྲའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱེད་པར་བརྟེན་ནས་སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་བཏབ་པ། དག་ཐེར་གྱི་ཕན་འབྲས་དངོས་ལ་བརྟེན་ནས་དམངས་ཀྱི་ཡིད་ཆེས་ཐོབ་པ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་ལྟ་སྐུལ་བྱས། 

འབྲེལ་ཡོད་ཞིང་ཆེན་གྱིས་ལྟ་ཞིབ་དག་ཐེར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། ཕྱོགས་གཅིག་ནས་ལྟ་ཞིབ་དང་ཕྱོགས་གཞན་ཞིག་ནས་དག་ཐེར་བྱེད་པར་ཧུར་ཐག་གིས་སྐུལ་འདེད་བཏང་བས། མང་ཚོགས་ཀྱི་ཉེ་འགྲམ་དུ་གནས་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་སྐོར་ཞིག་ཐག་གཅོད་བྱུང་བ་དང་། དག་ཐེར་ཡོ་བསྲང་གནད་ལ་མི་འཁེལ་བ་དང་ཐ་ན་སྦགས་བཙོག་བསྐྱར་ལོག་གི་གནད་དོན་སྐོར་ཞིག་ཞིབ་བཤེར་ཐག་གཅོད་བྱས་ནས། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འགལ་བྱ་སྤྱོད་སྐོར་ཞིག་དུས་ཐོག་ཏུ་ཡོ་བསྲང་བྱས་ཡོད།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།