ཀྲུང་གོ་བོད་ཀྱི་དྲ་བ།

སྐོར་ཐེངས་གཉིས་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་སྐུལ་བཅོས་སྒྲིག་གནས་ཚུལ་སྤྱི་བསྒྲགས་བྱས་པ་དང་བཅོས་སྒྲིག་ལས་འགན2164ཡི་ཁྲོད་སྣ1398ལེགས་འགྲུབ་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-10-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས10ཉིན། སྐོར་ཐེངས་གཉིས་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་སྐུལ་ཁག་དྲུག་པའི་ཧི་པའེ་ཞིང་ཆེན་དང་ཅང་སུའུ་ཞིང་ཆེན། ནང་སོག བོད་ལྗོངས། ཞིན་ཅང་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས(གཤམ་ནས་ཞིང་ལྗོངས5ཞེས་བསྡུ་རྒྱུ)ཀྱི་ལྟ་སྐུལ་བཅོས་སྒྲིག་གནས་ཚུལ་སྤྱི་བསྒྲགས་བྱས། དེར་བརྟེན། སྐོར་ཐེངས་གཉིས་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་སྐུལ་བཅོས་སྒྲིག་གནས་ཚུལ་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་སྤྱི་བསྒྲགས་བྱས་པ་རེད། སྐོར་ཐེངས་གཉིས་པའི་ལྟ་སྐུལ་བཅོས་སྒྲིག་འཆར་འགོད་ལས་ལས་འགན་སྣ2164གཏན་འཁེལ་བྱས་ཤིང་། ད་ལོའི་ཟླ6པའི་ཟླ་མཇུག་བར་དུ། ལས་འགན་སྣ1398ལེགས་འགྲུབ་བྱས་པ་དང་། ལེགས་འགྲུབ་བྱེད་ཚད65%ལ་སླེབས་ཡོད། གཞན་པའི་བཅོས་སྒྲིག་ལས་འགན་དག་ད་ལྟ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད།

ལྟ་སྐུལ་བཅོས་སྒྲིག་སྐབས་སུ། ཞིང་ལྗོངས5དང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གིས་ལྟ་སྐུལ་བཅོས་སྒྲིག་དེ་གཙོ་གནད་ཆབ་སྲིད་ལས་འགན་དུ་བརྩིས་བ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་བསྣོན་པའི་འཛིན་ལུང་དུ་བཟུང་སྟེ། འཆར་འགོད་བཟོ་བ་དང་ལམ་སྲོལ་འཛུགས་པ། བྱེད་ཐབས་ལ་ཤུགས་སྣོན་པ། དངོས་འབེབས་གཙིགས་སུ་འཛིན་པ་བཅས་ཀྱིས་ལྟ་སྐུལ་བཅོས་སྒྲིག་ལ་ཕན་འབྲས་མངོན་གསལ་བླངས་བ་དང་། གཙོ་གནད་སྐྱེ་ཁམས་ཁོར་ཡུག་གནད་དོན་སྐོར་ཞིག་ཕན་ནུས་ལྡན་པའི་སྒོ་ནས་ཐག་གཅོད་བྱས།

ཧི་པའེ་ཞིང་ཆེན་གྱིས་ཧུར་ཐག་གིས་པའེ་དབྱང་ཏེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་བཅོས་སྐྱོང་བྱ་བར་སྐུལ་འདེད་བཏང་ནས། ཞུང་ཨན་ཁུལ་གསར་གྱི་རོང་ཁྲིན་རྫོང་དང་ཨན་ཞིན་རྫོང་། ཞུང་རྫོང་བཅས་རྫོང་མཁར་གསུམ་དུ་བསྡོམས་པས་ཆར་སྙིགས་སྦག་བཙོག་དབྱེ་དགར་སྦུག་ལམ་སྤྱི་ལེ79ལེགས་བཅོས་བྱས་ཤིང་། དུས་མཉམ་དུ་ཁུལ་གསར་འཛུགས་སྐྲུན་ལག་བསྟར་ལ་སྐུལ་འདེད་བཏང་ཡོད།

ཅང་སུའུ་ཞིང་ཆེན་གྱིས་ཐའེ་ཧུའུ་མཚེའུ་བཅོས་སྐྱོང་སྐོར་ཐེངས་གསར་བ་མགོ་བརྩམས་པ་དང་། འགྲམ་ངོགས་ཀྱི་སྐྱེ་ཁམས་སླར་གསོ་བཟོ་འགོད་ལེགས་འགྲུབ་བྱས་ནས། འགྲམ་ངོགས་སྐྱེ་ཁམས་ཚད་ཐིག64.1%ཇེ་མཐོར་སོང་ཡོད།

ནང་སོག་གིས་མཚེའུ་གཅིག་དང་མཚོ་གཉིས་དང་། ཚྭ་ཧན་ཀྲའོ་ཨར་སྲུང་སྐྱོང་བཅོས་སྒྲིག་ལས་གཞི64ལག་བསྟར་བྱས་ཤིང་། ཧུའུ་ལུན་མཚེའུ་དང་ཝུའུ་རེན་སུའུ་མཚོ། ཏའེ་མཚོའི་ཆུ་སྤུས་གཏན་འཇགས་སྲུང་འཛིན་བྱས་ཡོད་པ་དང་། ཚྭ་ཧན་ཀྲའོ་ཨར་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་གཏན་འཇགས་ཇེ་ལེགས་སུ་སོང་ཡོད།

བོད་རང་སྐྱོང་ལྗོངས་ཀྱིས་སྐྱེ་ཁམས་བདེ་འཇགས་འགོག་ཡོལ་སྲུང་སྐྱོབ་དང་འཛུགས་སྐྲུན་འཆར་འགོད་རིགས3གྱི་བཟོ་འགོད་སྣ10ལག་བསྟར་བྱས་ལ། 2022ལོར་བསྡོམས་པས་ས་ཆུ་ནུས་པ་ཤོར་བ་སྤྱི་ལེ་གྲུ་བཞི་མ942.88བཅོས་སྐྱོང་བྱས་ཤིང་། ནགས་ཚལ་མུའུ་ཁྲི117.9འཛུགས་སྐྲུན་བྱས།

ཞིན་ཅང་གིས་མགྱོགས་མྱུར་ངང་འཚོ་བའི་བཙོག་ཆུའི་སླར་སྐྱེས་ཆུ་བེད་སྤྱོད་ལ་སྐུལ་འདེད་བཏང་ནས། བསྡོམས་པས་རིམ་པ་དང་པོའི་ཕྱིར་གཏོང་ཚད་རིམAཡི་བཙོག་ཆུ་ཐག་གཅོད་བཟོ་གྲྭ102འཛུགས་སྐྲུན་འཁོར་སྐྱོད་བྱས་ལ། དགུན་གསོག་དབྱར་འདྲེན་གྱི་ཆུ་མཛོད56འཛུགས་སྐྲུན་བྱས་པ་དང་། 2022ལོར་འཚོ་བའི་བཙོག་ཆུའི་སླར་སྐྱེས་ཆུ་བེད་སྤྱོད་བྱེད་ཚད43.4%ལ་སླེབས་ཡོད།

ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གིས་གཙོ་གནད་ཆུ་མཚེའུ་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཆུ་བཀོལ་ཁ་གསབ་ལ་དངོས་གནས་ཁག་ཐེག་བྱས་ཏེ། 2022ལོར་ཁུའེ་ཏུན་ཆུ་བོའི་སྐྱེ་ཁམས་ཆུ་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི15425ལ་སླེབས་ཡོད།

2019ལོ་ནས2022ལོའི་བར་དུ། སྐོར་ཐེངས་གཉིས་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་ཁག6ལ་བགོས་ནས་ཞིང་ཆེན་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག2དང་ཀྲུང་དབྱང་གི་ཁེ་ལས6ལ་ལྟ་སྐུལ་བྱེད་པའི་ལས་འགན་ལེགས་འགྲུབ་བྱས་ཡོད། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་བྱ་བའི་གཏན་འཁེལ་དང་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་བཅོས་སྒྲིག་བྱ་བའི་བྱེད་ཐབས་ཀྱི་འབྲེལ་ཡོད་བླང་བྱ་ལྟར། སྐོར་ཐེངས་གཉིས་པའི་ཁག་སྔོན་མ5ཡི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་བཅོས་སྒྲིག་གནས་ཚུལ་ཁག་བགོས་ནས་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་ཡོད།།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།