ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཆང་གིས་མགོ་འཛིན་གནང་སྟེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཟླ10བའི་ཚེས10ཉིན་མགོ་འཛིན་གནང་སྟེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། 《ཡོང་སྒོ་དམའ་བའི་མི་འབོར་གྱི་འགུལ་རྣམ་ལྟ་ཞིབ་ལ་ཤུགས་སྣོན་དང་རིམ་པ་དང་རིགས་དབྱེ་ནས་སྤྱི་ཚོགས་རོགས་སྐྱོར་བྱ་བ་ལེགས་པོར་སྒྲུབ་པའི་སྐོར་གྱི་བསམ་འཆར》དང《རྒན་པའི་ཟས་རོགས་ཞབས་ཞུ་ཧུར་ཐག་གིས་འཕེལ་རྒྱས་སུ་གཏོང་བའི་འགུལ་སྐྱོད་ཇུས་གཞི》།《ཆེད་ཁེ་གཞན་སྒྱུར་བེད་སྤྱོད་ཆེད་དོན་འགུལ་སྐྱོད་ཇུས་གཞི(2023-2025ལོ)》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

ཚོགས་འདུའི་སྟེང་སྤྱི་ཚོགས་རོགས་སྐྱོབ་ནི་སྤྱི་ཚོགས་འགན་ལེན་མ་ལག་ཁྲོད་ཀྱི་མས་སྐྱོར་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་བཀོད་སྒྲིག་ཡིན་ཞིང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཡོང་སྒོ་དམའ་བའི་མི་འབོར་ལ་ལྟ་ཞིབ་ཚད་ལེན་བྱེད་པར་ཤུགས་སྣོན་དང་། སྔར་ལས་གནད་སྨིན་དང་དུས་ཐོག་ཏུ་སྤྱི་ཚོགས་རོགས་སྐྱོབ་ལས་དོན་ཡག་པོར་སྒྲུབ་པ། ཕྱོགས་ཡོངས་ལ་ཁྱབ་པ་དང་རིམ་པ་དབྱེ་བ། ཕྱོགས་བསྡུས་ཕན་འབྲས་ཆེ་བ་བཅས་ཀྱི་སྤྱི་ཚོགས་རོགས་སྐྱོབ་རྣམ་པ་ཞིག་མགྱོགས་མྱུར་ངང་ཆགས་པར་བྱེད་པ། དམངས་འཚོའི་མས་སྐྱོར་འགན་སྲུང་གི་བདེ་འཇགས་དྲ་བ་སྔར་ལས་བརྟན་བརླིང་དུ་གཏོང་དགོས། རིམ་པ་སོ་སོའི་སྲིད་གཞུང་གི་གཙོ་གཞིའི་འགན་འཁྲི་སྔར་ལས་གཟབ་ནན་དུ་བཏང་སྟེ། གནོད་འཚེ་ཕོག་པ་སོགས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་མས་སྐྱོར་འགན་སྲུང་ཡག་པོར་སྒྲུབ་པ་དང་། རོགས་སྐྱོབ་མ་དངུལ་དང་འགན་ལེན་མ་དངུལ་དུས་ཐོག་དང་ཆ་ཚང་ངང་སྤྲད་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་ཡག་པོ་བྱས་ཏེ། བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་པར་ཁག་ཐེག་བྱེད་དགོས་པར་ནན་གྱིས་བསྟན།

ཚོགས་འདུའི་སྟེང་རྒན་རྒོན་གྱི་ཟས་རོགས་ཞབས་ཞུ་འཕེལ་རྒྱས་སུ་གཏོང་རྒྱུ་ནི་དམངས་འཚོའི་བཟོ་འགོད་གལ་ཆེན་ཡིན་ཞིང་། ཁྱིམ་སྡོད་སྡེ་ཁུལ་གྱི་རྒན་གསོ་དང་རྒན་རྒོན་ལ་བདེ་སྐྱིད་བསྐྲུན་པར་རྒྱབ་སྐྱོར་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན། རྒན་རྒོན་གྱི་ཟས་རོགས་ཞབས་ཞུ་གོང་འཕེལ་དུ་གཏོང་རྒྱུ་དེ་དམངས་ལ་བྱ་བ་དངོས་སྒྲུབ་པའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས། ས་གནས་སོ་སོས་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཧུར་བརྩོན་བརྟན་བརླིང་དང་ཡུལ་བབ་དང་བསྟུན་པའི་སྒོ་ནས་རྒན་རྒོན་གྱི་ཟས་རོགས་ཞབས་ཞུ་གོང་འཕེལ་གཏོང་དགོས་པ་དང་། གཟིགས་སྐྱོང་རང་བཞིན་གྱི་བྱ་ཐབས་སྤྱད་དེ་གྲོང་གསེབ་ས་ཁུལ་གྱིས་ཞབས་ཞུ་མཁོ་འདོན་བྱེད་རྒྱ་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས། འབྲེལ་ཡོད་སྡེ་ཚན་སོ་སོས་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱས་ནས། བྱ་བའི་མཉམ་ཤུགས་ལ་བརྟེན་ནས་ཕན་འབྲས་དངོས་ཐོན་པར་འགན་སྲུང་བྱེད་དགོས་པར་བསྟན།

ཚོགས་འདུའི་སྟེང་ཆེད་ཁེ་གཞན་སྒྱུར་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། ཆེད་ཁེའི་རིན་ཐང་སྔོག་འདོན་གང་ལེགས་བྱེད་པ། ཆེད་ཁེ་མང་འདུས་ཅན་གྱི་ཐོན་ལས་འཕེལ་རྒྱས་ཆེན་པོ་གཏོང་བ་བཅས་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་ལས་འགན་ཡིན། ཆེད་ཁེ་གྲུབ་འབྲས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་སྲིད་ཇུས་ཀྱི་སྐུལ་ལྕག་ལ་ཤུགས་དྲག་དུ་གཏོང་བ་བཅས་ཕྱོགས་གཉིས་ཀྱི་ཐད་ནས་ཤུགས་བསྣན་ཏེ། དངོས་ཡོད་ཀྱི་དགོས་མཁོའི་ཁྲོད་ཚན་ཞིབ་ཀྱི་གནད་དོན་གཅིག་ཏུ་བསྡུས་ནས་འགག་སྒྲོལ་བྱེད་པར་སྔར་ལས་མཐོང་ཆེན་བྱས་ཏེ། ཆེད་ཁེ་གྲུབ་འབྲས་དངོས་སྤྱོད་ལ་ཕན་པའི་ལམ་ལུགས་བཀོད་སྒྲིག་དང་སྐུལ་ལྕག་གི་སྲིད་ཇུས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། ཆེད་ཁེ་གཞན་སྒྱུར་བེད་སྤྱོད་ཀྱི་འགག་རྩའི་གནས་ནུས་ཤུགས་ཡོད་རྒུས་ཤར་གཏོང་བྱས་ཏེ། ཁྲོམ་རའི་ཞབས་ཞུ་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་། སྐྱེ་ཁམས་བཟང་པོ་སྐྱེད་སྲིང་བྱས་ནས། གསར་གཏོད་ཀྱི་གྲུབ་འབྲས་དེ་ཐོན་སྐྱེད་ནུས་ཤུགས་དངོས་ལ་སྒྱུར་ཚད་ཇེ་མགྱོགས་སུ་གཏོང་དགོས་ཞེས་ནན་གྱིས་བསྟན།  

གྲོས་ཚོགས་ལས་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།