ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱི་གྲོས་ཁང་གོང་མའི་མང་ཕྱོགས་ཏང་གི་གཙོ་འཛིན་ཧྲུའུ་མའོ་དང་བཅས་པར་མཇལ་འཕྲད་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

11.jpg

ཟླ10པའི་ཚེས9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིསཨ་མེ་རི་ཁའི་རྒྱལ་ཚོགས་ཀྱི་གྲོས་ཁང་གོང་མའི་མང་ཕྱོགས་ཏང་གི་གཙོ་འཛིན་ཧྲུའུ་མའོ་ཡིས་སྣེ་ཁྲིད་པའི་ཨ་མེ་རི་ཁ་རྒྱལ་ཚོགས་ཀྱི་གྲོས་ཞུགས་ཁང་གི་ཏང་ཁག་གཉིས་ཀྱི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱི་གྲོས་ཁང་གོང་མའི་མང་ཕྱོགས་ཏང་གི་གཙོ་འཛིན་ཧྲུའུ་མའོ་ཡིས་སྣེ་ཁྲིད་པའི་ཨ་མེ་རི་ཁ་རྒྱལ་ཚོགས་ཀྱི་གྲོས་ཞུགས་ཁང་གི་ཏང་ཁག་གཉིས་ཀྱི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་ནི་འཛམ་གླིང་གི་ངོས་ནས་བཤད་ན་ཕྱོགས་གཉིས་ཀའི་འབྲེལ་བ་གལ་ཆེན་ཞིག་ཡིན། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཇི་ལྟར་མཉམ་གནས་བྱ་རྒྱུ་དེས་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ཐག་གཅོད་ཀྱིན་ཡོད། འགྲན་རྩོད་དང་འགྲན་རྒོལ་ནི་ད་ལྟའི་དུས་རབས་ཀྱི་འཕེལ་ཕྱོགས་དང་མི་མཐུན་ལ། རང་སོ་སོའི་རྒྱལ་ཁབ་ཀྱི་རང་ངོས་གནད་དོན་དང་འཛམ་གླིང་ལ་འཕྲད་པའི་འགྲན་སློང་ཡང་སྔར་ལས་ཐག་གཅོད་བྱེད་མི་ཐུབ། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་ཐུན་མོང་གི་ཁེ་ཕན་དེ་མི་མཐུན་པའི་ཆ་ལས་མཐུན་ཆ་ཆེ་བ་དང་། ཀྲུང་གོ་དང་ཨ་མེ་རི་ཁ་སོ་སོར་གྲུབ་འབྲས་ཐོབ་པ་དེ་ནི་གོ་སྐབས་ཡིན་པ་ལས་འགྲན་སློང་མིན་པ་ཐོག་མཐའ་བར་གསུམ་དུ་ངོས་འཛིན་བྱེད་ཀྱིན་ཡོད། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་བྱུང་བ་ཡིན་ན། གཞི་ནས་ཁྱོད་ཀྱི་ཁེ་ཕན་ངའི་ཡིན་ལ། ང་ཡི་ཁེ་ཕན་ཡང་ཁྱོད་ཀྱི་ཡིན་པས། སོ་སོའི་འཕེལ་རྒྱས་ཀྱི་ཁྲོད་ནས་ཁེ་ཕན་ཐོབ་ཐུབ། འཛམ་གླིང་ཡོངས་ལ་ནད་ཡམས་བྱུང་རྗེས་ཀྱི་སླར་གསོའི་གནད་དོན་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ། རྒྱལ་སྤྱི་དང་ས་ཁུལ་གྱི་གླེང་ཕྱོགས་མང་བའི་གནད་དོན་ཐག་གཅོད་བཅས་བྱེད་པར། ཀྲུང་གོ་དང་ཨ་མེ་རི་ཁས་ཅིས་ཀྱང་མཐུན་སྦྱོར་མཉམ་ལས་བྱེད་རྒྱུ་ནི་དགོས་ངེས་ཅན་ཞིག་ཡིན། འཛམ་གླིང་སྟེང་གི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་རྒྱལ་ཁབ་ཆེན་པོའི་བློ་རྒྱ་དང་མཐོང་རྒྱ། འགན་འཁུར་ཕོད་པ་བཅས་མཚོན་གང་ཐུབ་བྱས་ནས། ལོ་རྒྱུས་དང་མི་དམངས། འཛམ་གླིང་བཅས་ལ་འགན་འཁུར་བའི་རྣམ་འགྱུར་བཟུང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཞི་མཐུན། མཉམ་ལས་གཉིས་ཕན་བཅས་ཡོང་བར་འབད་དེ། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཏེ། མིའི་རིགས་ཀྱི་སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དང་། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཀྱི་ཆེད་དུ་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་འབུལ་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཧྭའི་ཤེས་རིག་གིས་ལོ་ངོ་ལྔ་སྟོང་ལྷག་གི་བཞུད་ལམ་བརྒྱུད་དེ། ཐོག་མཐའ་བར་གསུམ་དུ་དུས་བསྟུན་འཕེལ་རྒྱས་དང་མཉམ་སྡུད་མཉམ་གསོག མཉམ་ལས་བརྗེ་རེས་བཅས་ཀྱི་ཞི་བདེའི་འདུ་ཤེས་རྩེ་གཅིག་ཏུ་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོས་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་དུ་བཅུག་པ་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་ངོ་མཚར་ཆེན་པོ་གཉིས་བསྐྲུན་ཏེ། ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ལྟོས་བཅས་ཀྱི་དབུལ་པོ་མེད་པའི་གནད་དོན་ཐག་གཅོད་བྱས་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་རྩ་བའི་རྒྱུ་རྐྱེན་ནི། བྱེད་ཕྱོགས་དེ་དག་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་དང་འཚམ་པ་དང་། མི་དམངས་ཀྱི་རེ་ལྟོས་དང་མཐུན་པར་མ་ཟད། བྱེད་ཕྱོགས་དེ་དག་ལ་མི་དམངས་ཀྱི་རྒྱབ་སྐྱོར་དང་བརྩི་བཀུར་ཐོབ་པ་བཅས་ཀྱི་ཕན་འབྲས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་རྙེད་པའི་དབང་གིས་ཡིན། ཀྲུང་གོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་སྟེང་མུ་མཐུད་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། ཞི་བདེ་དང་འཕེལ་རྒྱས་ལ་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ། འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ཨ་མེ་རི་ཁ་རྒྱལ་ཚོགས་ཀྱི་གྲོས་མི་སྔར་ལས་མང་བོ་ཀྲུང་གོར་འཚམས་འདྲིར་ཡོང་ནས། ཀྲུང་གོའི་འདས་མ་ད་གསུམ་ལ་སྔར་ལས་ལེགས་པའི་སྒོ་ནས་རྒྱུས་ལོན་བྱ་རྒྱུར་དགའ་བསུ་ཞུ་ངེས་ཡིན། རྒྱལ་ཁབ་གཉིས་ཀའི་ཁྲིམས་འཛུགས་སྒྲིག་གཞིའི་བར་དུ་ཕན་ཚུན་འགྲོ་འོང་མང་ཙམ་བྱེད་པ་དང་སྐད་ཆ་བཤད་རེས་མང་ཙམ་བྱེད་པ། སྤེལ་རེས་མང་ཙམ་བཅས་བྱས་ནས་ཕན་ཚུན་ཤེས་རྟོགས་བྱེད་ཤུགས་ཆེ་རུ་བཏང་སྟེ། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་བརྟན་པོ་དང་སྔར་ལས་ཇེ་ཡག་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་རྒྱུའི་རེ་ལྟོས་ཡོད།

ཧྲུའུ་མའོ་སོགས་ཀྱིས་ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་གཏོང་རྒྱུ་དེ་ནི། ཨ་མེ་རི་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་ངོས་ནས་བཤད་ན་གལ་འགངས་ཤིན་ཏུ་ཆེ་བར་མ་ཟད། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལའང་འབྲེལ་བ་ངེས་ཅན་ཡོད། ཀྲུང་གོ་དར་རྒྱས་གོང་འཕེལ་བྱུང་བ་ཡིན་ན་ཨ་མེ་རི་ཁའི་མི་དམངས་ལ་ཕན་པ་ཡོད། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་དང་ཐད་ཀར་གདོང་ཐུག་མི་འབྱུང་བ་དང་། ཀྲུང་གོ་དང་འབྲེལ་ཐག་གཅོད་རྒྱུའི་རེ་བ་འཛིན་གྱིན་མེད་པར་དེ་ལས་ལྡོག་སྟེ། ཀྲུང་གོ་ཕྱོགས་དང་མཉམ་དུ་ལྷག་བསམ་རྣམ་དག་འཛིན་པ་དང་ཕན་ཚུན་བརྩི་འཇོག་བྱེད་པའི་སྙིང་སྟོབས་ལ་བརྟེན་ནས། ཕན་ཚུན་བར་སྐད་ཆ་བཤད་རེས་དང་མཐུན་སྦྱོར་ལ་ཤུགས་བསྣན་ནས། དེ་བསྟུན་གྱི་འགན་འཁྲི་ཆེན་པོ་ཁུར་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བར་སྟངས་འཛིན་གང་ལེགས་བྱས་ཏེ། ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། ཕྱོགས་གཉིས་ཀའི་ཚོང་དོན་དངུལ་གཏོང་མཉམ་ལས་ལ་ཤུགས་བསྣན་ནས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་དུད་རྫས་ཉོ་ཚོང་ལ་རྡུང་རྡེག་གཏོང་བ། ས་ཁུལ་གྱི་གདོང་ཐུག་ཐག་གཅོད་བྱེད་པ་སོགས་ཀྱི་གནད་དོན་ཐད་ནས་འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་ལྟོས་ཡོད་ཅེས་བསྟན།

ཝང་དབྱི་མཇལ་འཕྲད་ལ་ཞུགས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།