ཀྲུང་གོ་བོད་ཀྱི་དྲ་བ།

ཀྲའོ་ལེ་ཅི་ཡིས་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་གོང་མའི་མང་ཕྱོགས་ཏང་གི་གཙོ་འཛིན་ཧྲུའུ་མའོ་འཁོར་དང་བཅས་པར་ཐུག་འཕྲད་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ10པའི་ཚེས9ཉིན་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་གོང་མའི་མང་ཕྱོགས་ཏང་གི་གཙོ་འཛིན་ཧྲུའུ་མའོ་ཡིས་སྣེ་ཁྲིད་པའི་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་གོང་མའི་ཏང་ཁག་གཉིས་ཀྱི་འཐུས་མིའི་ཚོགས་པར་ཐུག་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས9ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་གོང་མའི་མང་ཕྱོགས་ཏང་གི་གཙོ་འཛིན་ཧྲུའུ་མའོ་ཡིས་སྣེ་ཁྲིད་པའི་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་གོང་མའི་ཏང་ཁག་གཉིས་ཀྱི་འཐུས་མིའི་ཚོགས་པར་ཐུག་འཕྲད་གནང་། ཀྲའོ་ལེ་ཅི་ཡིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་དེ་རྒྱལ་ཁབ་གཉིས་དང་འཛམ་གླིང་གི་ངོས་ནས་བརྗོད་ན་ཧ་ཅང་གལ་ཆེན་ཞིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། གཉིས་ཕན་མཉམ་རྒྱལ་བཅས་ཀྱི་རྩ་དོན་གསུམ་ནི་ཀྲུང་གོ་དང་ཨ་རིའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་རྩ་བའི་གཞི་འཛིན་ས་ཡིན། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་ཕན་ཚུན་ཡིད་ཆེས་དང་གཉིས་ཁེ་མཉམ་ལས་ཇེ་ཟབ་ཏུ་གཏོང་བའི་བྱ་བ་མང་ཙམ་བསྒྲུབས་ཏེ་དྲང་ཕྱོགས་ཀྱི་ནུས་ཚད་ཆེ་རུ་གཏོང་བ་དང་། ལྡོག་ཕྱོགས་ཀྱི་རྒྱུ་རྐྱེན་སེལ་བ། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་སྐྱོན་བྲལ་བརྟན་བརླིང་གི་བགྲོད་ལམ་སྟེང་དུ་ཡང་བསྐྱར་བསྐྱོད་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་འཛམ་གླིང་ལ་ཕན་བདེ་བསྐྲུན་རྒྱུའི་རེ་བ་ཡོད།

ཀྲའོ་ལེ་ཅི་ཡིས་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་ཨ་རིའི་རྒྱལ་ཚོགས་དང་འགྲོ་འོང་བྱེད་པར་ཤུགས་སྣོན་རྒྱག་པ་དང་། ཚུལ་མཐུན་དང་ཕྱི་རོལ་ཡུལ་དང་མཐུན་པ། དྲང་གཞག་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ཕན་ཚུན་བར་སྦྲེལ་མཐུད་བརྗེ་རེས་བྱེད་པ། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག མཉམ་ལས་ལ་སྐུལ་འདེད་བཅས་བྱས་ནས་ཀྲུང་གོ་དང་ཨ་རིའི་འབྲེལ་བ་སྐྱོན་བྲལ་དང་བརྟན་འཇགས་ངང་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད་ཅེས་ནན་བཤད་གནང་།

ཧྲུའུ་མའོ་སོགས་ཀྱིས་ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འགལ་བ་མི་སློང་བར་ཕྱོགས་གཉིས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ནས་ཀྲུང་གོ་ཕྱོགས་དང་སྦ་གསང་མེད་པར་བསམ་ཚུལ་བརྗེ་རེས་བྱེད་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།