ཟླ9པའི་ཚེས8ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་དྲ་ལམ་རྩེ་ཚོགས་ལ་ཞུགས་ཏེ། 《མཐུན་སྒྲིལ་མཉམ་ལས། འབད་འབུངས་མདུན་སྐྱོད》ཅེས་པ་བརྗོད་གཞིར་བཟུང་ནས་གསུང་བཤད་གལ་ཆེན་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས8ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་དྲ་ལམ་རྩེ་ཚོགས་ལ་ཞུགས་ཏེ། 《མཐུན་སྒྲིལ་མཉམ་ལས། འབད་འབུངས་མདུན་སྐྱོད》ཅེས་པ་བརྗོད་གཞིར་བཟུང་ནས་གསུང་བཤད་གལ་ཆེན་གནང་།
པ་ཞི་ཡི་སྲིད་འཛིན་ལུའུ་ལཱ་ཡིས་རྩེ་ཚོགས་ལ་མགོ་འཛིན་བྱས། ཨུ་རི་སིའི་སྲིད་འཛིན་ཕུའུ་ཅིན་དང་། ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་འཛིན་ལཱ་མ་ཧྥུའུ་སཱ། ཨེ་ཅིབ་ཀྱི་སྲིད་འཛིན་སའེ་ཞི། དབྱི་ལིང་གི་སྲིད་འཛིན་ཕེ་ཙེ་ཞི་ཆི་དབྱང་། ཧིན་རྡུ་ཉི་ཞི་ཡའི་སྲིད་འཛིན་ཕུའུ་ལ་པའོ་ཝའོ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཨ་པུའུ་ཀྲ་པིས་ཀྱི་རྒྱལ་པོ་ཧཱ་ལིས་ཏི། ཧིན་རྡུ་དང་ཨེ་ཙི་ཨོ་ཕི་ཡའི་འཐུས་མི་བཅས་རྩེ་ཚོགས་ལ་ཞུགས།
ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་ཇེ་མགྱོགས་སུ་སོང་ནས། བཙན་དབང་རིང་ལུགས་དང་ཕྱོགས་རྐྱང་རིང་ལུགས། སྲུང་སྐྱོབ་རིང་ལུགས་ཀྱི་ངན་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད། གསེར་གྱོམ་རྒྱལ་ཁབ་དེ་འཛམ་གླིང་ལྷོ་ཕྱོགས་ཀྱི་འགོག་ར་གལ་ཆེན་ཞིག་ཡིན་པའི་ཆ་ནས། སྒོ་འབྱེད་བཟོད་སྒོམ་དང་། མཉམ་ལས་མཉམ་རྒྱལ་གྱི་གསེར་གྱོམ་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། ཕྱོགས་མང་རིང་ལུགས་ལ་མཉམ་དུ་སྲུང་སྐྱོབ་དང་། ཕྱོགས་མང་ཉོ་ཚོང་རྐྱེན་སྲོལ་སྲུང་སྐྱོང་བྱེད་པ། གསེར་གྱོམ་ཆེན་མོའི་མཉམ་ལས་ལ་སྐུལ་འདེད་བཏང་ནས། ལག་རྡང་མཉམ་སྦྲེལ་གྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་དགོས།
ཞི་ཅིན་ཕིང་གིས་གྲོས་གཞི3བཏོན་པ་སྟེ།
གཅིག ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་ཏེ་རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་ལ་སྲུང་སྐྱོབ་བྱེད་དགོས། ཕྱོགས་མང་རིང་ལུགས་ནི་དམངས་སེམས་འཁོར་ཕྱོགས་དང་དུས་ཀྱི་འཕེལ་ཕྱོགས་ཤིག་ཡིན་ལ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཀྱི་རྒྱབ་རྟེན་གལ་ཆེན་ཞིག་ཡིན། ངས་འཛམ་གླིང་བཅོས་སྐྱོང་གྲོས་གཞི་བཏོན་པ་དེ་ནི། རྒྱལ་ཁབ་སོ་སོས་ལག་རྡང་མཉམ་སྦྲེལ་གྱི་འགུལ་སྐྱོད་སྤེལ་ནས། སྔར་ལས་དྲང་གཞག་ལུགས་མཐུན་གྱི་འཛམ་གླིང་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་གཏོང་ཆེད་ཡིན། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་རྒྱུན་འཁྱོངས་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱས་ནས། ཕྱོགས་མང་རིང་ལུགས་ཀྱི་གཞི་རྩ་ཇེ་བརྟན་དུ་གཏོང་དགོས། རྒྱལ་སྤྱིའི་འབྲེལ་བའི་དམངས་གཙོ་ཅན་ལ་ཧུར་ཐག་གིས་སྐུལ་འདེད་བཏང་སྟེ། འཛམ་གླིང་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་མགྲིན་ཚབ་དབང་ཆ་ཇེ་ཆེར་གཏོང་དགོས། འཛམ་གླིང་བཅོས་སྐྱོང་མ་ལག་བཅོས་སྒྱུར་དང་འཐུས་ཚང་དུ་བཏང་བ་བརྒྱུད། ཕྱོགས་སོ་སོའི་ཐོན་ཁུངས་མཐུན་སྦྱོར་ལེགས་པོ་བྱས་ནས། མིའི་རིགས་སྤྱི་ཚོགས་འཕྲད་པའི་ཐུན་མོང་གི་འགྲན་རྩོད་ལ་ཁ་གཏད་ནུས་ལྡན་འཇལ་དགོས།
གཉིས། སྒོ་འབྱེད་མཉམ་རྒྱལ་རྒྱུན་འཁྱོངས་བྱས་ཏེ་རྒྱལ་སྤྱིའི་ཉོ་ཚོང་སྒྲིག་རིམ་སྲུང་སྐྱོང་བྱེད་དགོས། དཔལ་འབྱོར་འཛམ་གླིང་ཅན་ནི་འགོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཤིག་ཡིན། རྒྱལ་ཁབ་སོ་སོ་སྒོ་འབྱེད་མཉམ་ལས་ཀྱི་རྒྱལ་སྤྱིའི་ཁོར་ཡུག་དང་ཁ་འབྲལ་ཐབས་མེད་ལ། རྒྱལ་ཁབ་གང་ཡང་རང་ཉིད་འགོག་སྡོམ་གྱི་གླིང་ཕྲན་ཁེར་རྐྱང་ཞིག་བྱས་ནས་འདུག་ཐབས་མེད། སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་བསྐྲུན་པར་བློ་བརྟན་འགྱུར་མེད་ཀྱིས་སྐུལ་འདེད་བཏང་ནས། སྒོ་འབྱེད་ཁྲོད་དུ་གོ་སྐབས་མཉམ་སྤྱོད་དང་མཉམ་རྒྱལ་ཡོང་བར་བྱེད་དགོས། འཛམ་གླིང་ཉོ་འཚོང་རྩ་འཛུགས་སྲོག་ཤིང་ཡིན་པའི་ཕྱོགས་མང་ཉོ་འཚོང་རྐྱེན་སྲོལ་སྲུང་སྐྱོང་བྱས་ཏེ། རྣམ་པ་གང་རུང་གི་སྲུང་སྐྱོབ་རིང་ལུགས་བརྟན་འགོག་བྱེད་དགོས། སྤྱི་ཕན་བཟོད་སྒོམ་གྱི་དཔལ་འབྱོར་འཛམ་གླིང་ཅན་ལ་སྐུལ་ཁྲིད་བྱས་ཏེ། འཕེལ་རྒྱས་དེ་རྒྱལ་སྤྱིའི་གྲོས་རིམ་ཁྲོད་ཀྱི་གོ་གནས་གཙོ་བོར་བཞག་སྟེ། འཛམ་གླིང་ལྷོ་ཕྱོགས་རྒྱལ་ཁབ་འདྲ་མཉམ་སྒོས་རྒྱལ་སྤྱིའི་མཉམ་ལས་ཁྲོད་ཞུགས་ཐུབ་པ་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་འཇུག་དགོས།
གསུམ། མཐུན་སྒྲིལ་མཉམ་ལས་རྒྱུན་འཁྱོངས་བྱས་ཏེ་ཐུན་མོང་འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་བསྡུ་དགོས། གསེར་གྱོམ་རྒྱལ་ཁབ་ཀྱི་མི་འབོར་གྱིས་འཛམ་གླིང་གི་ཕྱེད་ཀ་ཟིན་ལ། དཔལ་འབྱོར་སྤྱི་འབོར་གྱིས་འཛམ་གླིང་གི30%ཟིན་ཞིང་། ཉོ་འཚོང་སྤྱི་དངུལ་གྱིས་འཛམ་གླིང་གི་ལྔ་ཆའི་གཅིག་ཟིན་ཡོད། གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་ཇེ་དམ་དུ་བཏང་ན། ཕྱི་ཕྱོགས་ཀྱི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་བའི་གདེང་ཚོད་སྔར་ལས་ཇེ་ཆེར་འགྲོ་སྲིད་ཅིང་། བྱེད་ཐབས་དང་གྲུབ་འབྲས་སྔར་ལས་ཇེ་མང་དང་ཇེ་བཟང་དུ་འགྲོ་ངེས། ཀྲུང་གོ་ཕྱོགས་ཀྱིས་གསེར་གྱོམ་རྒྱལ་ཁབ་གཞན་པ་དང་མཉམ་དུ། འཛམ་གླིང་འཕེལ་རྒྱས་གྲོས་འགོ་དངོས་འབེབས་དང་། རྒྱུད་གཅིག་ལམ་གཅིག་སྤུས་ཚད་མཐོ་བའི་མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ། རང་སྟེང་གི་དགེ་མཚན་འདོན་སྤེལ་དང་། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་མ་ཟད། ཉོ་འཚོང་དང་དངུལ་རྩ། ཚན་རྩལ་སོགས་ཁྱབ་ཁོངས་སུ་སྔར་ལས་མང་བའི་མཉམ་ལས་གྲུབ་འབྲས་བསྐྲུན་ནས། གསེར་གྱོམ་ཆེན་མོའི་མཉམ་ལས་ཀྱི་རྨང་གཞི་ཇེ་བརྟན་དང་སྒུལ་ནུས་ཇེ་འདང་། ཤུགས་རྐྱེན་ཇེ་ཟབ་ཏུ་བཏང་སྟེ། སྔར་ལས་མང་ཞིང་སྔར་ལས་བཟང་བའི་སྒོ་ནས་རྒྱལ་ཁབ་སོ་སོའི་མི་དམངས་ལ་ཕན་འདོགས་རྒྱུ་ཡིན།
ཟླ9པའི་ཚེས8ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་དྲ་ལམ་རྩེ་ཚོགས་ལ་ཞུགས་ཏེ། 《མཐུན་སྒྲིལ་མཉམ་ལས། འབད་འབུངས་མདུན་སྐྱོད》ཅེས་པ་བརྗོད་གཞིར་བཟུང་ནས་གསུང་བཤད་གལ་ཆེན་གནང་།
ཚོགས་ཞུགས་མགོ་ཁྲིད་པས་བསྟན་དོན། མིག་སྔར། ཕྱོགས་རྐྱང་རིང་ལུགས་དང་བཙན་གནོན་བྱེད་ཐབས་ཀྱིས་རྒྱལ་སྤྱིའི་སྒྲིག་ལམ་ལ་གནོད་སྐྱེལ་བཞིན་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་སྒྲིག་སྲོལ་ལ་འཇིགས་སྐུལ་ཐེབས་བཞིན་ཡོད་ལ། ཉོ་འཚོང་དེ་རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་ཡོ་བྱད་ཅིག་ཏུ་གྱུར་ཡོད་པས། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་བཞིན་ཡོད། གསེར་གྱོམ་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་བསྣན་ཏེ། ལག་གདང་མཉམ་སྦྲེལ་གྱིས་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་བ་དང་། ཕྱོགས་མང་རིང་ལུགས་མཉམ་དུ་སྲུང་སྐྱོང་བྱེད་པ། རང་དབང་སྒོ་འབྱེད་ཀྱི་རྒྱལ་སྤྱིའི་ཉོ་འཚོང་རྐྱེན་སྲོལ་སྲུང་སྐྱོང་བྱས་ནས། འཛམ་གླིང་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་དགོས། རྒྱལ་ཁབ་སོ་སོའི་མགོ་ཁྲིད་པས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་བཅོས་སྐྱོང་གྲོས་གཞི་གནད་ཐོག་ཏུ་འཁེལ་ཡོད་པ་སྟེ། དེས་འཛམ་གླིང་བཅོས་སྐྱོང་འཐུས་ཚང་དུ་གཏོང་བའི་ཁ་ཕྱོགས་དང་ཐབས་ལམ་གསལ་སྟོན་གནང་ཡོད་པར་འདོད། ཕྱོགས་སོ་སོས་མུ་མཐུད་དུ་ཝུའུ་ཁི་ལན་གྱི་ཉམས་ཉེན་དང་། ཅ་ཧྲའི་འགལ་བ་སོགས་གནད་དོན་གལ་ཆེན་ཐད་ནས་མཐུན་སྦྱོར་སྲུང་འཛིན་བྱས་ཏེ། ཝུའུ་ཁི་ལན་ཉམས་ཉེན་གྱི་ཞི་བདེའི་མཛའ་འབྲེལ་ཚན་ཆུང་གི་བྱེད་ནུས་འདོན་སྤེལ་བྱེད་པ་དང་། ཕ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་པའི་རྒྱལ་ཁབ་གཉིས་ཀྱི་གྲོས་གཞི་རྒྱུན་འཁྱོངས་བྱས་ནས། དབུས་ཤར་ས་ཁུལ་གྱི་ཞི་བདེ་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུའི་འཐད་པ་བྱུང་།
ཚའེ་ཆི་དང་ཝང་དབྱི་སོགས་རྩེ་ཚོགས་ལ་ཞུགས། །