ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས18ཉིན་དབྱིན་ཇིའི《དངུལ་རྩའི་སྐབས་དོན་ཚགས་པར》སྟེང་སྤེལ་བའི་གནས་ཚུལ་ལྟར་ན། ཝུའུ་ཁི་ལན་གྱིས་ཡོ་རོབ་རྒྱལ་ཁབ་ཀྱི་རོགས་སྐྱོར་འོག རིན་ཐང་ཨ་སྒོར་ཁྲག་ཁྲིག་གཅིག་གི་ཨ་རིས་བཟོས་པའི་མཚོན་ཆ་ཉོས་ནས་ཨ་རི་ཕྱོགས་ཀྱིས་ཝུའུ་ཁི་ལན་ལ་འཛིན་པའི་བདེ་འཇགས་འགན་ལེན་བརྗེ་རྒྱུའི་གྲོས་འགོ་བཏོན་ཡོད་ཟེར།
《དངུལ་རྩའི་སྐབས་དོན་ཚགས་པར》གྱིས་ཁོ་ཚོར་ཐོབ་པའི་ཡིག་ཆ་ཞིག་ཆ་འཕྲིན་གྱི་འབྱུང་ཁུངས་སུ་བྱས་ནས་སྤེལ་བའི་གནས་ཚུལ་ལས། ཝུའུ་ཁི་ལན་ཕྱོགས་ཀྱིས་ཨ་རིས་བཟོས་པའི་མཚོན་ཆ་ཉོས་ནས་ཨ་རི་ཕྱོགས་ཀྱི་བདེ་འཇགས་འགན་ལེན་བརྗེ་བར་རེ་བ་བྱེད་ཀྱི་ཡོད་པར་མ་ཟད། ད་དུང་ཨ་རི་ཕྱོགས་ཀྱི་ཁེ་ལས་དང་མཉམ་ལས་བྱས་ནས་མི་མེད་གནམ་གྲུ་ཐོན་སྐྱེད་བྱེད་པའི་གན་རྒྱ་གཞན་ཞིག་ལ་མིང་རྟགས་བཀོད་ཡོད་པ་དང་། དེའི་རིན་ཐང་ཨ་སྒོར་ཐེར་ཆེན་ལྔ་རེད།
ཚེས18ཉིན་ཨ་རིའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཕོ་བྲང་དཀར་པོར་འཚམས་འདྲིར་ཡོང་པའི་ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལན་སི་ཅི་དང་དེ་མིན་ཡོ་རོབ་གླིང་གི་མགོ་ཁྲིད་པ་མང་པོར་ཐུག་འཕྲད་རབ་དང་རིམ་པ་བྱས། 《དངུལ་རྩའི་སྐབས་དོན་ཚགས་པར》སོགས་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཝུའུ་ཁི་ལན་ཕྱོགས་ཀྱི་ཡིག་ཆ་དེ་གྲོས་མོལ་མ་བྱས་གོང་ཨ་རི་དང་ཡོ་རོབ་ཕྱོགས་ལ་བསྐུར་ཡོད་པ་རེད།
ཙེ་ལན་སི་ཅི་ཡིས་ཐི་ལིང་ཕུའུ་དང་ཐུག་འཕྲད་བྱས་རྗེས་སྨྱན་བྱད་གསར་འགོད་པར་ཨ་སྒོར་ཐེར་ཆེན་དགུ་ཡི་དམག་དོན་རོགས་སྐྱོར་གྱི་འཆར་གཞི་རབ་དང་རིམ་པ་ཞིག་གླེང་སྟེ། ཝུའུ་ཁི་ལན་ཕྱོགས་ཀྱིས་རེ་བ་བྱེད་པའི་ཨ་རིས་བཟོས་པའི་མཚོན་ཆའི་ནང་གནམ་གྲུ་དང་མཁའ་ཟོན་མ་ལག་སོགས་ཡོད་ཅེས་བཤད། ཁོས་ད་དུང་ཝུའུ་ཁི་ལན་དང་དེའི་མནའ་གྲོགས་ཀྱིས་ཉིན10ཡི་ནང་ཝུའུ་ཁི་ལན་གྱི་བདེ་འཇགས་འགན་ལེན་བྱེད་པའི་ཞིབ་ཕྲའི་འཆར་གཞི་དངོས་སུ་བཟོ་རྒྱུ་ཡིན་ཞེས་བཤད།
མིག་སྔར་ཙེ་ལན་སི་ཅི་ཡིས་བཤད་པའི་ཨ་སྒོར་ཁྲག་ཁྲིག་དགུ་ཡི་དམག་དོན་རོགས་སྐྱོར་འཆར་གཞི་དེ《དངུལ་རྩའི་སྐབས་དོན་ཚགས་པར》སྟེང་སྤེལ་བའི་ཨ་སྒོར་ཁྲག་ཁྲིག་གཅིག་གི་དམག་དོན་ཉོ་སྒྲུབ་འཆར་གཞི་ཡིན་མིན་གནས་སྐབས་སུ་གསལ་བོར་ཤེས་ཀྱི་མེད།
ཡིན་ནའང་། 《གསར་འགྱུར་གཟའ་འཁོར་དུས་དེབ》སོགས་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཚེས18ཉིན་གསར་འགོད་པས་ཐི་ལིང་ཕུའུ་ལ་ཝུའུ་ཁི་ལན་ལ་སྔར་ལས་དམག་དོན་རོགས་སྐྱོར་བྱ་རྒྱུའི་སྐོར་འདྲི་སྐབས། ཐི་ལིང་ཕུའུ་ཡིས“ང་ཚོས་དངོས་པོ་གང་ཡང་སྟེར་རྒྱུ་མིན། ང་ཚོས་མཚོན་ཆ་བཙོང་བཞིན་ཡོད”ཅེས་བསྐྱར་བསྒྲགས་བྱས།
དེ་སྔོན་ཐི་ལིང་ཕུའུ་ཡིས་ཐེངས་མང་པོར་བསྟན་དོན། ཨ་རིས་ཝུའུ་ཁི་ལན་ལ་དམག་དོན་རོགས་སྐྱོར་བྱེད་པ་དེ་རྗེས་ཕྱོགས་སུ་ཡོ་རོབ་གླིང་གི་མནའ་གྲོགས་ཀྱིས་སྤྲོད་རྒྱུ་ཡིན་ཞེས་ཐེངས་མང་བཤད་མྱོང་། ཟླ་འདིའི་ཚེས10ཉིན། དབྱིན་ཇིའི《ཐའེ་ཝུའུ་ཧྲི་ཚགས་པར》གྱིས་འཇར་མན་ཅི་ཨར་ཞིབ་འཇུག་སུའོ་ཡི་གཞི་གྲངས་དྲངས་ནས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ6པར་ཡོ་རོབ་ཨ་རི་ལས་བརྒལ་ནས་ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་མཁན་ཆེ་ཤོས་སུ་འགྱུར་རྒྱུ་ཡིན་པ་དང་། མིག་སྔར་ཡོ་རོབ་ཀྱིས་ཝུའུ་ཁི་ལན་ལ་རོགས་སྐྱོར་བྱས་པ་མང་ཆེ་བ་ཨ་རིས་བཟོས་པའི་མཚོན་ཆ་ཉོ་བའི་ཐད་སྤྱོད་ཀྱི་ཡོད་པ་རེད། །