ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས19ཉིན་ནི་འཛམ་གླིང་མི་ཆོས་རིང་ལུགས་པའི་ཉིན་མོ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཉིན་དེར་བརྙན་རིས་ཞུ་ཚིག་སྤེལ་ནས། མི་ཆོས་རིང་ལུགས་བྱ་བ་སྒྲུབ་མཁན་ནི་འཛམ་གླིང་གི་འགལ་བ་དང་གནོད་འཚེ་ཁྲོད་ཀྱི་མང་ཚོགས་དུང་ཕྱུར་གསུམ་ལྷག་གི་རེ་བའི་འོད་སྣང་ལྟ་བུར་གྱུར་ཡོད་པས། མི་ཆོས་རིང་ལུགས་བྱ་བ་སྒྲུབ་མཁན་ལ་སྲུང་སྐྱོབ་བྱེད་པའི་འགུལ་སྐྱོད་སྤེལ་དགོས་ཟེར།
ཀུའུ་ཐི་ལེ་སི་ཡིས་བསྟན་དོན། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་མི་སྣར་གནོད་འཚེ་ཐེབས་ཚད་ཇེ་མང་དུ་འགྲོ་བཞིན་ཡོད། ན་ནིང་། འཛམ་གླིང་དུ་ཉུང་མཐར་ཡང་མི་ཆོས་རིང་ལུགས་ཀྱི་བྱ་བ་སྒྲུབ་མཁན390རྐྱེན་ལམ་དུ་ཤོར་བས་ལོ་རྒྱུས་ཀྱི་ཟིན་ཐོ་བསྐྲུན། རྒྱལ་སྤྱིའི་བཅའ་ཁྲིམས་སྟེང་མི་ཆོས་རིང་ལུགས་བྱ་བ་སྒྲུབ་མཁན་ལ་བརྩི་འཇོག་དང་སྲུང་སྐྱོབ་བྱེད་དགོས་ཞེས་གསལ་བོར་འཁོད་ཡོད། ཁོ་ཚོ་ཕར་རྒོལ་དམིགས་འབེན་དུ་གཏན་ནས་འགྱུར་མི་རུང་། སྒྲིག་སྲོལ་འདིས་འགལ་བ་ཕྱོགས་སོ་སོར་གཅུན་སྡོམ་གྱི་ནུས་པ་ཐོན་ཡོད་རུང་། མི་ལ་ལས་དམར་མཚམས་བརྒལ་ཀྱང་དེ་བཞིན་གྱི་ཉེས་ཆད་ཕོག་མེད་ཟེར།
ཀུའུ་ཐི་ལེ་སི་ཡིས་བསྟན་དོན། རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་འགུལ་སྐྱོད་སྤེལ་རྒྱུ་ཁས་བླངས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཀྱང་མི་ཆོས་རིང་ལུགས་ཀྱི་བྱ་བ་སྒྲུབ་མཁན་ལ་སྲུང་སྐྱོབ་བྱེད་པའི་ཇུས་གཞི་གཏན་འབེབས་བྱ་རྒྱུ་ཡིན། ཐེངས་འདིའི་འཛམ་གླིང་མི་ཆོས་རིང་ལུགས་པའི་ཉིན་མོའི་སྐབས་འདི་དང་བསྟུན་ནས། ཁོས་ཕྱོགས་སོ་སོས་འགུལ་སྐྱོད་སྤེལ་ནས་འདས་པོར་མྱ་ངན་ཞུ་བ་དང་། མི་ཆོས་རིང་ལུགས་ཀྱི་བྱ་བ་སྒྲུབ་མཁན་ཚང་མར་སྲུང་སྐྱོབ་བྱེད་དགོས་ལ། དེའི་ཁྲོད་འགན་འཁྲི་རྗེས་འདེད་དང་གནོད་པ་བསྐྱལ་མཁན་ཁྲིམས་ལ་སྦྱོར་དགོས་པ་སོགས་ཀྱང་འདུས་ཡོད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིན་གྱིས་ཉིན་དེར་གཞི་གྲངས་ཁྱབ་བསྒྲགས་བྱས་ཏེ། 2024ལོར་འཛམ་གླིང་གི་མི་ཆོས་རིང་ལུགས་ཀྱི་བྱ་བ་སྒྲུབ་མཁན་རྐྱེན་ལམ་དུ་ཤོར་ཚད་ལོ་སྔོན་མ་ལས་བརྒྱ་ཆའི31བར་འཕར་བ་དང་། དེའི་ཁྲོད་ཅ་ཧྲ་ས་ཁུལ་དུ་རྐྱེན་ལམ་དུ་ཤོར་མཁན181དང་སུའུ་ཏན་ནས་རྐྱེན་ལམ་དུ་ཤོར་མཁན60ཡོད། དེ་ལས་གཞན། མི་ཆོས་རིང་ལུགས་ཀྱི་བྱ་བ་སྒྲུབ་མཁན308ལ་རྨས་ཕོག་པ་དང་། མི125བཙན་ཁྲིད་བྱས་ཡོད་ལ་མི45བཀག་འཇུག་བྱས། ཟླ་འདིའི་ཚེས14ཉིན་བར། ད་ལོའི་མི་ཆོས་རིང་ལུགས་ཀྱི་བྱ་བ་སྒྲུབ་མཁན265རྐྱེན་ལམ་དུ་ཤོར་ཡོད་ཟེར།
ཉིན་དེའི་སྔ་དྲོར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྗེས་དྲན་བྱ་འགུལ་སྤེལ་ནས། 2003ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབྱི་རག་ཏུ་སྡོད་པའི་པ་ཀི་ཏའི་གཞུང་སྒྲུབ་ཁང་འགས་གཏོར་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཞུས།
2003ལོའི་ཟླ8པའི་ཚེས19ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་པ་ཀི་ཏ་རུ་སྡོད་པའི་གཞུང་སྒྲུབ་ཁང་གི་རླངས་འཁོར་ལ་འབར་མདེལ་གྱི་འཇབ་རྒོལ་ཐེབས་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབྱི་རག་གནད་དོན་གྱི་དམིགས་བསལ་འཐུས་མི་ཏི་མའེ་ལོ་སོགས་མི20རྐྱེན་ལམ་དུ་ཤོར་ཞིང་། མི150ལ་རྨས་ཕོག འཇབ་རྒོལ་དོན་རྐྱེན་དེའི་ཁྲོད་རང་སྲོག་ཤོར་བའི་ལས་སྒྲུབ་མི་སྣར་རྗེས་དྲན་ཞུ་ཆེད། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས2008ལོའི་ཟླ12པར་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་བརྒྱུད། ལོ་རེའི་ཟླ8པའི་ཚེས19ཉིན་ནི་འཛམ་གླིང་མི་ཆོས་རིང་ལུགས་པའི་ཉིན་མོར་གཏན་འཁེལ་བྱས། །