ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡ་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་ཧྥ་རན་སིའི་ཕ་རི་སི་ནས་ས་ཁུལ་བརྟན་འཇགས་ཀྱི་གྲོས་གཞིའི་ཐད་གྲོས་མོལ་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2025-08-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས19ཉིན་སི་རི་ཡའི་རྒྱལ་ཁབ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། སི་རི་ཡའི་སྲིད་དབང་གི་ཕྱི་འབྲེལ་སྡེ་ཁག་གི་འགན་འཁུར་བ་ཞི་པ་ཉི་ཡིས་ཉིན་དེར་ཧྥ་རན་སིའི་རྒྱལ་ས་ཕ་རི་སི་ནས་དབྱི་སི་རལ་གྱི་འཐུས་ཚབ་ཚོགས་པ་ཞིག་དང་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་ས་ཁུལ་དང་སི་རི་ཡའི་ལྷོ་རྒྱུད་ཀྱི་བརྟན་འཇགས་ལ་ཤུགས་སྣོན་བྱེད་པ་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་བྱས།

གནས་ཚུལ་སྤེལ་བ་ལས་ཐེངས་འདིའི་ཐུག་འཕྲད་དེ་ཨ་རིས་འདུམ་སྒྲིག་བྱས་པ་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་ཕྱི་འབྲེལ་བརྒྱུད་ནས་སི་རི་ཡའི་བདེ་འཇགས་དང་བརྟན་འཇགས་ལ་ཤུགས་སྣོན་བྱེད་པ་དང་། སི་རི་ཡའི་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱ་རྒྱུ་དེ་རེད། ཕྱོགས་གཉིས་ཀྱིས་གཙོ་བོ་ས་ཁུལ་གྱི་གནས་བབ་ཇེ་ལེགས་སུ་གཏོང་བ་དང་།  སི་རི་ཡའི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ། ས་ཁུལ་གྱི་བརྟན་འཇགས་སྲུང་སྐྱོང་བྱེད་པར་ཕན་པའི་ཐད་བསམ་ཤེས་བྱེད་པ། སི་རི་ཡའི་ལྷོ་རྒྱུད་སུའུ་ཝེ་ཏ་ཞིང་ཆེན་དུ་དམག་འཁྲུག་མཚམས་འཇོག་པར་ལྟ་སྐུལ་བྱེད་པ། དེ་མིན་རྒྱལ་ཁབ་གཉིས་ཀྱིས1974ལོར་མིང་རྟགས་བཀོད་པའི་ཀེ་ལན་མཐོ་ཁུལ་དུ་བར་ཁུལ་འཛུགས་པའི《དམག་དཔུང་ཁ་བྲལ་འབྲེལ་གཏུག་གྲོས་མཐུན》བསྐྱར་དུ་མགོ་རྩོམ་པ་བཅས་ལ་གྲོས་བསྡུར་བྱས།

དབྱི་སི་རལ་གྱི་འཕྲིན་ལམ12པའི་བརྙན་འཕྲིན་ལས་ཁུངས་ཀྱིས་ཉིན་དེར་གནས་ཚུལ་སྤེལ་ནས། དབྱི་སི་རལ་གྱི་འཐབ་ཇུས་ལས་དོན་པུའུ་ཀྲང་ཏི་ཨར་མོ་ཡིས་ཉིན་དེར་ཕ་རི་སི་ནས་ཞི་པ་ཉི་དང་ཐུར་ཁེ་རུ་སྡོད་པའི་ཨ་རིའི་གཞུང་ཚབ་ཆེན་མོ་དང་སི་རི་ཡའི་གནད་དོན་གྱི་དམིགས་བསལ་ཕོ་ཉའི་འགན་གཅིག་ལྕོགས་སུ་ཁུར་མཁན་པ་ལ་ཁི་དང་ཐུག་འཕྲད་བྱས་ནས། དབྱི་སི་རལ་དང་སི་རི་ཡ་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་བདེ་འཇགས་ལས་དོན་ལ་གྲོས་བསྡུར་བྱ་རྒྱུ་ཡིན་པར་བསྟན།

ན་ནིང་ཟླ12པར་སི་རི་ཡའི་ཆབ་སྲིད་ལ་འགྱུར་ལྡོག་ཆེན་པོ་བྱུང་རྗེས། དབྱི་སི་རལ་གྱིས“རང་སྲུང”ལ་ཁ་གཡར་ཏེ་གོ་སྐབས་དང་བསྟུན་ནས་དམག་དཔུང་མངགས་ཏེ་ཀེ་ལན་མཐོ་ཁུལ་གྱི་བར་ཁུལ་དང་དེ་མིན་ཉེ་འགྲམ་ས་ཁུལ་བཙན་བཟུང་བྱས་པ་དང་།  སུའུ་ཝེ་ཏ་ཞིང་ཆེན་གྱི་མི་གྲངས་མང་ཆེ་བ་བཟུང་བའི་ཏེ་ལུའུ་ཙི་བ་དང་མཉམ་ལས་བྱས་ཏེ་སི་རི་ཡའི་ལྷོ་རྒྱུད་དུ“འགོག་སྲུང་ཁུལ”ཟེར་བ་བཙུགས་པར་མ་ཟད། སུའུ་ཝེ་ཏ་སོགས་སི་རི་ཡའི་ལྷོ་རྒྱུད་ཀྱི་ཞིང་ཆེན་གསུམ“དམག་དོན་ཅན་མིན་པའི”བླང་བྱ་ཡོངས་བསྒྲགས་བྱས་ནས། སི་རི་ཡའི་སྲིད་དབང་དམག་དཔུང་དང་དྲག་ཆས་གཞན་དག་སི་རི་ཡའི་ལྷོ་རྒྱུད་དུ་ཡོང་བའམ་ཡང་ན་སི་རི་ཡའི་ལྷོ་རྒྱུད་དུ་གཞི་ཚུགས་པར་ཁས་ལེན་མ་བྱས། ད་ལོའི་ཟླ7པར་སུའུ་ཝེ་ཏ་ཞིང་ཆེན་དུ་སྐབས་ཤིག་ལ་གདོང་ཐུག་བྱུང་ནས། དབྱི་སི་རལ་གྱིས་སི་རི་ཡའི་སྲིད་དབང་གི་དམིགས་འབེན་ལ་མཁའ་རྒོལ་ཐེངས་མང་བྱས།

1948ལོར་དབྱི་སི་རལ་རྒྱལ་ཁབ་བཙུགས་པ་ནས་བཟུང་། སི་རི་ཡ་དང་དབྱི་སི་རལ་རྒྱལ་ཁབ་གཉིས་ཀྱི་བར་དམག་འཁྲུག་ཐེངས་མང་བྱུང་ཞིང་ཡུན་རིང་བོར་དགྲར་འཛིན་གྱི་རྣམ་པར་གནས་ཡོད། གནས་ཚུལ་སྤེལ་བ་ལྟར་ན། སི་རི་ཡའི་སྲིད་དབང་གསར་པས་དབྱི་སི་རལ་དང་གཞན་བརྒྱུད་དམ་ཡང་ན་ཐད་ཀར་གྱི་འབྲེལ་གཏུག་ཐེངས་འགའ་བྱས་མྱོང་།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།