ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས19ཉིན་ཨ་རིའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཁི་སི་གསར་འགྱུར་སྟེགས་བུའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཨ་རི་ཕྱོགས་ཀྱིས་ཝུའུ་ཁི་ལན་ལ་འགོག་སྲུང་བྱེད་རོགས་བྱ་རྒྱུ་ཡིན་མོད། འོན་ཀྱང་ཝུའུ་ཁི་ལན་ལ་ས་ངོས་དམག་དཔུང་མངགས་མི་སྲིད།“དེའི་ཐད་ངས་ཁག་ཐེག་བྱེད་ཐུབ”ཅེས་བཤད།
ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། ཉིན་དེར་ཕོ་བྲང་དཀར་པོའི་དཔོན་རིགས་ཤིག་གིས་ཐི་ལིང་ཕུའུ་ཡིས་ཝུའུ་ཁི་ལན་ལ་དམག་མངགས་རྒྱུ་མིན་པ“ནན་བཤད་”བྱས་མོད། འོན་ཀྱང་ཨ་རིར་ཝུའུ་ཁི་ལན་ལ་སྲུང་སྐྱོང་བྱེད་པར་འགན་སྲུང་བྱེད་པའི་བྱེད་ཐབས་གཞན་དག་ཡོད་པ་ར་སྤྲོད་བྱས། གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་དམག་དཔུང་ཕྱི་རྒྱལ་གྱི་གདོང་ཐུག་ཁྲོད་ཞུགས་སུ་མི་འཇུག་རྒྱུ་ནི། ན་ནིང་ཙུང་ཐུང་འདེམས་བསྐོ་བྱེད་སྐབས་ཐི་ལིང་ཕུའུ་ཡིས་ཁས་ལེན་བྱས་པའི་གྲས་ཤིག་རེད།
དེ་དང་མཉམ་དུ་ཐི་ལིང་ཕུའུ་ཡིས་ཝུའུ་ཁི་ལན་བྱང་ཆིངས་སུ་ཞུགས་ཆོག་པའི་ཆོག་མཆན་སྤྲོད་མི་སྲིད་ཅེས་བསྐྱར་བསྒྲགས་བྱས། འོན་ཀྱང་ཁོའི་བཤད་ཚུལ་ལྟར་ན། ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་གིས་ཝུའུ་ཁི་ལན་ལ“བདེ་འཇགས་འགན་ལེན” བྱེད་ཐུབ་པ་དང་འདྲ་བའི་སྲུང་སྐྱོང་བྱ་ཐབས་མཁོ་འདོན་བྱ་རྒྱུའི་མོས་མཐུན་བྱས་ཡོད་པ་རེད། གོང་གསལ་གྱི་ཕོ་བྲང་དཀར་པོའི་དཔོན་རིགས་ཀྱིས་ཨ་རི་དང་དེ་མིན་ཡོ་རོབ་གླིང་གི་མནའ་གྲོགས་དང་ཝུའུ་ཁི་ལན་གྱིས་ཇི་ལྟར་བྱས་ནས་ཝུའུ་ཁི་ལན་ལ་བདེ་འཇགས་འགན་ལེན་མཁོ་འདོན་བྱ་རྒྱུའི་ཐད་མུ་མཐུད་དུ་གྲོས་བསྡུར་བྱ་རྒྱུ་ཡིན་ཞེས་བཤད།
ཐི་ལིང་ཕུའུ་ཡིས་ཨ་རི་དང་ཨུ་རུ་སུ། ཝུའུ་ཁི་ལན་ཕྱོགས་གསུམ་གྱིས་ཐུག་འཕྲད་མ་བྱས་གོང་། ཁོས་ཨུ་རུ་སུ་དང་ཝུའུ་ཁི་ལན་གྱི་མགོ་ཁྲིད་པ་ཐོག་མར་ཐུག་འཕྲད་བྱེད་པར་རེ་བ་བྱས་ཡོད་ཟེར། ཁོས་བལྟས་ན། ཨུ་རུ་སུ་དང་ཝུའུ་ཁི་ལན་ཕྱོགས་གཉིས་ཀྱིས་སྤྱིར་ཡིན་ན་འབྲེལ་བ་ཇེ་ལེགས་སུ་གཏོང་དགོས། དེ་ལྟར་མ་བྱས་ན་ཕྱོགས་གཉིས་ཀྱིས་ཐུག་འཕྲད་མ་བྱས་གོང་ཕྱོགས་གསུམ་གྱི་ཐུག་འཕྲད་བཀོད་སྒྲིག་བྱེད་རྒྱུ་སྟབས་བདེ་མིན་པར་བསྟན།
ཁོས་རང་ཉིད་ཀྱིས་མ་གཞི་ཨུ་རུ་སུ་དང་ཝུའུ་ཁི་ལན་གྱི་གདོང་ཐུག་ཐག་གཅོད་བྱེད་སླ་བར་ངོས་འཛིན་བྱེད་ཀྱི་ཡོད་མོད། དོན་གྱིས་དེ་ནི་ཐག་གཅོད་བྱེད་དཀའ་བའི་གདོང་ཐུག་ཅིག་རེད་ཅེས་དྲང་བཤད་བྱས།
ཚེས18ཉིན་ཐི་ལིང་ཕུའུ་ཡིས་ཕོ་བྲང་དཀར་པོ་རུ་དང་ཐོག་ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལན་སི་ཅི་དང་ཐུག་འཕྲད་བྱས་པ་དང་། དེའི་རྗེས་ཙེ་ལན་སི་ཅི་དང་ཡོ་རོབ་གླིང་གི་མགོ་ཁྲིད་མང་པོ་དང་ཐུག་འཕྲད་བྱས་ནས་ཝུའུ་ཁི་ལན་གྱི་བདེ་འཇགས་འགན་སྲུང་དང་མངའ་ཁོངས། ཨུ་རུ་སུ་དང་ཝུའུ་ཁི་ལན་ཕྱོགས་གཉིས་ཀྱི་ཐུག་འཕྲད་དང་། དེ་མིན་ཨ་རི་དང་ཨུ་རུ་སུ། ཝུའུ་ཁི་ལན་ཕྱོགས་གསུམ་གྱི་ཐུག་འཕྲད་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་བྱས། དེའི་ནང་ཝུའུ་ཁི་ལན་གྱི་བདེ་འཇགས་འགན་སྲུང་མཁོ་འདོན་བྱ་རྒྱུ་ནི་གྲོས་གཞི་ཨང་དང་པོ་དེ་རེད། ཐི་ལིང་ཕུའུ་ཡིས་ཝུའུ་ཁི་ལན་གྱི་བདེ་འཇགས་འགན་སྲུང་དེ་ཡོ་རོབ་རྒྱལ་ཁབ་ཀྱིས་མཁོ་འདོན་བྱེད་རྒྱུ་དང་ཨ་རིས་མཐུན་སྦྱོར་བྱ་རྒྱུ་ཡིན་ཞེས་བཤད། །