ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས19ཉིན་བཤད་རྒྱུར། གལ་ཏེ་ཨུ་རུ་སུ་དང་ཝུའུ་ཁི་ལན་གྱི་སྲིད་འཛིན་གྱིས་གྲོས་མོལ་བྱེད་ན། གྲ་སྒྲིག་ཕུན་སུམ་ཚོགས་པ་བྱེད་དགོས་ཟེར། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། འགོ་ཁྲིད་མི་སྣ་དང་འབྲེལ་བའི་ལས་དོན་ཡོད་ཚད་ལ་ངེས་པར་དུ་གྲ་སྒྲིག་བཟང་བོ་བྱེད་དགོས་ཟེར།
ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ད་རུང་བསྟན་དོན། ཝུའུ་ཁི་ལན་གྱི་གནད་དོན་དང་འབྲེལ་བའི་ཞི་བདེའི་གྲོལ་མོལ་གང་ཡིན་རུང་། ངེས་པར་དུ་ཨུ་རུ་སུའི་བདེ་འཇགས་ལ་འགན་སྲུང་བྱེད་དགོས། གལ་ཏེ་ཨུ་རུ་སུའི་བདེ་འཇགས་ཁེ་ཕན་ལ་བརྩི་བཀུར་མི་བྱེད་པ་དང་། ཝུའུ་ཁི་ལན་དུ་སྡོད་པའི་ཨུ་རུ་སུའི་མི་སྣ་སོགས་ཀྱི་ཁེ་དབང་ལ་བརྩི་བཀུར་བཟང་བོ་མ་བྱས་ཚེ། ཡུན་རིང་གི་གྲོས་མོལ་བྱ་ཐབས་མེད་ཟེར།
ཨ་མེ་རི་ཁའི་སྲིད་འཛིན་ཐི་ལེང་ཕུའུ་ཡིས་ཚེས18ཉིན་ཕོ་བྲང་དཀར་པོ་ནས་སྔ་རྗེས་སུ་ཝུའུ་ཁི་ལན་གྱི་སྲིད་འཛིན་ཙི་ལེན་སི་ཅི་དང་ཡོ་རོབ་གླིང་གི་འགོ་ཁྲིད་མི་སྣ་ལ་ཐུག་འཕྲད་བྱས། ཐི་ལིང་ཕུའུ་ཡིས་ཉིན་དེར་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། ཐུག་འཕྲད་མཇུག་སྒྲིལ་ལ་ཉེ་སྐབས། ཁོས་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་ཁ་པར་བཏང་བར་མ་ཟད། ཕུའུ་ཅིན་དང་ཙི་ལེན་སི་ཅི་གཉིས་ཐུག་འཕྲད་བྱེད་སར་གྲ་སྒྲིག་བྱེད་བཞིན་ཡོད་ལ། ས་གནས་གཏན་འཁེལ་བྱས་མེད། ཕྱོགས་གཉིས་ཀྱི་ཐུག་འཕྲད་རྗེས་སུ། ཨ་མེ་རི་ཁ་དང་ཨུ་རུ་སུ། ཝུའུ་ཁི་ལན་བཅས་ཕྱོགས་གསུམ་གྱི་འགོ་ཁྲིད་མི་སྣས་ཐུག་འཕྲད་བྱ་རྒྱུ་ཡིན་ཟེར།
འཇར་མན་གྱི་ཙུང་ལི་མའོ་ཚི་ཡིས་ཐུག་འཕྲད་རྗེས་སུ་སྨྱན་བྱད་ལ་བཤད་རྒྱུར། ཕུའུ་ཅིན་གྱིས་ཐི་ལེང་ཕུའུ་དང་ཁ་པར་གཏོང་སྐབས། ཙི་ལེན་སི་ཅི་དང་ཐུག་འཕྲད་བྱེད་རྒྱུར་འཐད་པ་བྱུང་བ་དང་། ཐུག་འཕྲད་བྱེད་ས་གཏན་འཁེལ་མ་བྱས།
ཧྥ་རན་སིའི་སྲིད་འཛིན་མཱ་ཁི་ལུང་གིས་ཧྥ་རན་སིའི་ཆེད་དོན་བཅར་འདྲི་ཞིག་གི་ཁྲོད་བཤད་རྒྱུར། ཕུའུ་ཅིན་དང་ཙི་ལེན་སི་ཅི་གཉིས་ཐུག་འཕྲད་བྱེད་ས་ཡོ་རོབ་གླིང་གདམ་ན་འཚམ་ཟེར།
མཱ་ཁི་ལུང་གིས་བཤད་རྒྱུར། ཐུག་འཕྲད་བྱེད་ས་ཡོ་རོབ་འདེམ་པ་ནི་ཚོད་དཔག་ཅིག་ཡིན་པར་མ་ཟད། ཐུན་མོང་གི་རེ་འདུན་ཞིག་ཀྱང་ཡིན་ཟེར། ཁོས་བཤད་རྒྱུར། ཐུག་འཕྲད་བྱ་ཡུལ་དེ་བར་གནས་རྒྱལ་ཁབ་གདམ་ཆོག་སྟེ། སུའེ་ཙེར་ཡིན་ཡང་ཆོག ངས་རི་ནེ་ཝ་འདེམ་རྒྱུའི་གྲོས་འགོ་བཏོན་པ་ཡིན་ཟེར།
ཚེས19ཉིན་ལུའུ་ཐི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཤིག་གིས་ཕུའུ་ཅིན་དང་ཙི་ལེན་སི་ཅི་ཐུག་འཕྲད་དེ་ཧང་ཀ་རི་ནས་སྤེལ་སྲིད་ཅེས་བསྟན།
ཨུ་རུ་སུའི་གསར་འགྱུར་ཁང་གིས་ཉེ་ལམ་ཐུར་ཁེའི་ཆ་འཕྲིན་མི་སྣ་ཞིག་གི་སྐད་ཆ་དྲངས་པ་ལྟར་ན། ཐུར་ཁེས་ཨ་མེ་རི་ཁ་དང་ཨུ་རུ་སུ། ཝུའུ་ཁི་ལན་བཅས་ཕྱོགས་གསུམ་གྱི་འགོ་ཁྲིད་པས་ཐུག་འཕྲད་ལས་དོན་སྤེལ་རྒྱུའི་གྲོས་འགོ་བཏོན་ཡོད་ཟེར། ཆ་འཕྲིན་མི་སྣ་དེས་བཤད་རྒྱུར། ཐུར་ཁེའི་སྲིད་འཛིན་ཨེ་ཨར་ཏའོ་ཨན་གྱིས་ཉེ་ལམ་ཙི་ལེན་སི་ཅི་དང་འབྲེལ་གཏུག་བྱེད་སྐབས་གོང་གི་བསམ་ཚུལ་དེ་བཏོན་པ་རེད། འདུམ་སྒྲིག་གི་ཉམས་མྱོང་དང་རྩ་འཛུགས་བྱེད་ནུས་ལ་བསམ་བློ་བཏང་ཚེ། ཐུར་ཁེ་ནི་ཝུའུ་ཁི་ལན་གནད་དོན་གྱི་མཐོ་རིམ་གྲོས་ཚོགས་སྤེལ་སའི་གནས་བཟང་བོ་ཞིག་རེད་ཟེར། །