ཀྲུང་གོ་བོད་ཀྱི་དྲ་བ།

ཐེ་ལན་དང་ཁམ་ཕུ་ཁྲེའི་དམག་ཕྱོགས་ཀྱིས་ཚོགས་འདུ་བསྡུས་ནས་མཐའ་མཚམས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2025-08-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས16ཉིན་ཐེ་ལན་དང་ཁམ་ཕུ་ཁྲེའི་རྒྱལ་ཁབ་གཉིས་ཀྱི་དམག་ཕྱོགས་ཀྱིས་ཐེ་ལན་གྱི་ཏ་ལཱ་ཕུའུ་རུ་དམིགས་བསལ་ཚོགས་འདུ་བསྡུས་ནས།མཐའ་མཚམས་སྲུང་སྐྱོང་དང་འདྲ་མཉམ་སྲུང་སྐྱོང་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱ་རྒྱུ་གཏན་འཁེལ་བྱས།

ཚེས16ཉིན་ཐེ་ལན་མཚོ་དམག་གིས་སྨྱན་བྱད་བརྒྱུད་ནས།ཅན་ཀྲུའུ་ཝུན་ཧྥུའུ་དང་།ཏ་ལ་ཧྥུའུ་མཐའ་མཚམས་བཀོད་འདོམས་དཔོན་དང་ཁམ་ཕུ་ཁྲེའི་དམག་ཁུལ་གསུམ་པའི་བཀོད་འདོམས་དཔོན་བཅས་ཀྱིས་ཉིན་དེར་ཐེ་ལན་གྱི་ཏ་ལ་ཧྥུའུ་རུ་ས་ཁུལ་མཐའ་མཚམས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་བསྡུས་པའི་དམིགས་ཡུལ་ནི།ཞི་བདེའི་ཐབས་ལམ་བརྒྱུད་ནས་འབྲེལ་ཡོད་གནད་དོན་ཐག་གཅོད་བྱས་ཏེ།མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྒྱུན་ལྡན་འཚོ་བ་སྲུང་སྐྱོང་བྱ་རྒྱུ་དེ་ཡིན་ཞེས་བཤད།ཐེ་ལན་མཚོ་དམག་གིས་ཕྱོགས་གཉིས་ཀྱིས་ཐེངས་འདིའི་ཚོགས་འདུའི་ཐད་བསམ་ཤེས་དྲན་ཐོར་མིང་རྟགས་བཀོད་ཟེར།

ཚེས16ཉིན་ཁམ་ཕུ་ཁྲེའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་མ་ལིས་ཧྲུའུ་ཅེ་ཏ་ཡིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་བཤད་རྒྱུར།ཁམ་ཕུ་ཁྲེ་ཡི་ཐེ་ལན་མཐའ་མཚམས་དམག་ཁུལ་གྱི་བཀོད་འདོམས་དཔོན་གྱིས་ཉིན་དེར་དམིགས་བསལ་ཚོགས་འདུ་བསྡུས་ནས།རྒྱལ་ཁབ་གཉིས་ཀྱིས་ཉེ་དུས་ཀྱི་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་བཞག་རྗེས་ཀྱི་མཐའ་མཚམས་གནད་དོན་ལ་གྲོས་བསྡུར་བྱས་ཟེར།

མ་ལིས་ཧྲུའུ་ཅེ་ཏ་ཡིས་བཤད་རྒྱུར།ཐེངས་འདིའི་ཐུག་འཕྲད་ལས་ཕྱོགས་གཉིས་ཀྱི་དམག་ཁུལ་གྱི་དྲག་ཆས་དམག་དཔུང་དང་མཐའ་སྲུང་དམག་དཔུང་བར་དུ་དུས་བཀག་ལྟར་འབྲེལ་གཏུག་རྒྱུན་འཁྱོངས་བྱེད་པ་དང་། ཧུར་བརྩོན་ཆེན་པོས་ཞི་བདེའི་ངང་གནད་དོན་ཐག་གཅོད་བྱེད་པ། གདོང་ཐུག་མི་འབྱུང་བ་བཅས་ཀྱི་གལ་ཆེན་རང་བཞིན་བསྐྱར་བསྒྲགས་བྱས་ཡོད།ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཐེངས་འདིའི་ཐུག་འཕྲད་ལས་ཕྱོགས་གཉིས་ཀྱིས་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་ཁྱོན་ཡོངས་དང་ནུས་ལྡན་ངང་ལག་བསྟར་བྱ་རྒྱུར་ཤུགས་བསྣན་ནས།མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས།རྒྱུན་ལྡན་གྱི་སྒྲིག་ལམ་བཅས་སླར་གསོ་བྱེད་ཐུབ་པར་རེ་བ་བྱེད་བཞིན་ཡོད་ཟེར།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།