ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལིང་ཕུའུ་ཡིས་ཨུ་རུ་སུ་དང་ཝུའུ་ཁི་ལན་གྱིས“ཐད་ཀར་དུ་ཞི་བདེའི་གྲོས་མཐུན་འཇོག་པའི”གྲོས་མགོ་བཏོན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2025-08-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས16ཉིན་ཨ་རིའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་སྨྱན་བྱད་བརྒྱུད་ནས།ཨུ་རུ་སུ་དང་ཝུའུ་ཁི་ལན་གྱི་གདོང་ཐུག་མཇུག་བསྒྲིལ་བའི་ཐད་ཁོའི་བསམ་ཚུལ་གསར་བ་བཏོན་པ་སྟེ། ཆེས་ལེགས་པའི་ཐབས་ལམ་ནི“ཐད་ཀར་དུ་ཞི་བདེའི་གྲོས་མཐུན་འཇོག་རྒྱུ”དེ་ཡིན་པ་ལས་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་ཁོ་ན་ཙམ་འཇོག་རྒྱུ་དེ་མིན་ཟེར།

ཝུའུ་ཁི་ན་དང་ཡོ་རོབ་ཕྱོགས་གཉིས་ཀྱིས་ཨུ་རུ་སུ་དང་ཝུའུ་ཁི་ལན་གྱི་གདོང་ཐུག་མཇུག་བསྒྲིལ་དགོས་ན།ཕྱོགས་གཉིས་ཀྱིས་ཐོག་མར་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་འཇོག་དགོས་པ་དང་།དེའི་རྗེས་སུ་ཡུན་རིང་གི་ཐག་གཅོད་ཇུས་གཞིར་གྲོས་མོལ་བྱེད་དགོས་པར་ངོས་འཛིན་བྱེད་ཀྱི་ཡོད།འོན་ཀྱང་ཐི་ལིང་ཕུའུ་ཡི་བཤད་སྟངས་གསར་པ་ལྟར་ན།ཐད་ཀར་ཞི་བདེའི་གྲོས་མཐུན་བཞག་ཚེ་ཨུ་རུ་སུ་དང་ཝུའུ་ཁི་ལན་གྱི་གདོང་ཐུག་ཡོངས་སུ་མཇུག་བསྒྲིལ་སྲིད་མོད།འོན་ཀྱང་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་དུས་ཡུན་རིང་བོར་ནུས་ལྡན་ཡོང་དཀའ་བ་རེད།

ཐི་ལིང་ཕུའུ་ཡིས་ད་དུང་ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལན་སི་ཅི་ཨ་རིའི་ཤར་ཕྱོགས་ཀྱི་དུས་ཚོད་ཚེས18ཉིན་གྱི་ཕྱི་དྲོར།ཨ་རིའི་རྒྱལ་ས་ཝ་ཧྲིན་ཏོན་དུ་ཡོད་པའི་ཕོ་བྲང་དཀར་པོའི་འཇོང་དབྱིབས་གཞུང་ལས་ཁང་དུ་ཡོང་རྒྱུ་ཡིན་པ་ར་སྤྲོད་བྱས་པར་མ་ཟད།“གལ་སྲིད་ཚང་མ་བདེ་བླག་ཡིན་ཚེ། ཞོལ་ནས་ང་ཚོས་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་དང་ཕྱོགས་གསུམ་ཀྱི་ཐུག་འཕྲད་བཀོད་སྒྲིག་བྱ་རྒྱུ་ཡིན”ཟེར།

ཉིན་དེའི་སྔ་དྲོར་ཙེ་ལན་སི་ཅི་ཡིས་བཤད་རྒྱུར།ཁོ་དང་ཐི་ལིང་ཕུའུ་གཉིས་ཀྱིས“དུས་ཚོད་རིང་པོར་ཁ་པར་ལས་ནང་དོན་ཕུན་སུམ་ཚོགས་པའི་ཁ་བརྡ”བྱས་པ་དང་། ཁོ་རང་གདན་ཞུས་ལྟར་ཚེས18ཉིན་ཝ་ཧྲིན་ཏོན་དུ་ཐི་ལིང་ཕུའུ་དང་ཐུག་འཕྲད་བྱས་ནས།ཨུ་རུ་སུ་དང་ཝུའུ་ཁི་ལན་གྱི་གདོང་ཐུག་མཇུག་བསྒྲིལ་བའི་ཞིབ་ཆའི་སྐོར་ནས་གྲོས་བསྡུར་བྱ་རྒྱུ་ཡིན་ཞེས་བཤད།ཝུའུ་ཁི་ལན་གྱིས་ཝུའུ་ཁི་ལན་དང་ཨ་རི།ཨུ་རུ་སུ་བཅས་ཕྱོགས་གསུམ་གྱི་ཚོགས་འདུ་བསྡུ་བའི་གྲོས་མགོར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཟེར།

ད་ལོའི་ཟླ2པར་ཙེ་ལན་སི་ཅི་ཕོ་བྲང་དཀར་པོར་འཚམས་འདྲིར་སོང་སྟེ། ཐི་ལིང་ཕུའུ་དང་ཐུག་འཕྲད་བྱེད་སྐབས་ཕྱོགས་གཉིས་ཀྱི་བར་རྩོད་གླེང་དྲག་པོ་བྱུང་། སྐབས་དེར་ཨ་རིའི་དམངས་གཙོ་ཏང་ཕྱོགས་ཀྱིས་དེ་ནི“ཆབ་སྲིད་ཀྱི་འཇབ་རྒོལ”ཞིག་ཡིན་ལ།“འཛམ་གླིང་ཡོངས་ལ་ཨ་རིར་ཡིད་ཆེས་བྱེད་མི་རུང་བ་གསལ་བཤད་བྱས་ཡོད”ཅེས་བཤད། །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།