ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁམ་ཕུ་ཀྲེའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་མ་ལིས་ཧྲུའུ་ཅེ་ཏ་ཡིས་ཚེས11ཉིན་བཤད་རྒྱུར། ཐེ་གོ་དམག་ཁུལ་གཉིས་པའི་དམག་སྤྱི་ཝུན་ཞིན·པཱ་ལང་གིས་ཚེས10ཉིན་ཁམ་ཕུ་ཀྲེ་དང་འབྲེལ་བ་ཡོད་པའི་དམག་དོན་བྱ་སྤྱོད་འཆར་གཞི་གླེང་ནས། རྒྱལ་ཁབ་གཉིས་ཀྱིས་དམག་འཐབ་མཚམས་འཇོག་པའི་གྲོས་མཐུན་ལ་རྒྱབ་འགལ་བྱས་པའི་རྣམ་འགྱུར་བསྟན་ཟེར།
ཐེ་གོ་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཝུན་ཞིན་གྱིས་ཚེས10ཉིན་ཐེ་གོའི་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཐེ་གོ་དང་ཁམ་ཕུ་ཀྲེའི་མཐའ་མཚམས་ས་ཁོངས་སུ་རྩོད་གླེང་ཡོད་པའི་དགོན་པ་གཉིས་ཀྱི་ཐད། ཐེ་གོ་ཕྱོགས་ཀྱིས་དེའི་ཁྲོད་ཀྱི་གཅིག་བཀག་སྡོམ་བྱས་ནས་ཁམ་ཕུ་ཀྲེ་ཕྱོགས་ནང་འཛུལ་མི་བྱེད་པ་ལག་བསྟར་བྱས་པ་དང་། ཁམ་ཕུ་ཁྲེ་ཕྱོགས་ལ་ལེགས་ཆ་ཡོད་པའི་དགོན་པ་གཞན་ཞིག་ལ་ཐེ་གོ་ཕྱོགས་ཀྱིས་ཕྱིར་ལེན་ངེས་ཡིན་པར་བཤད།
མ་ལིས་ཧྲུའུ་ཅེ་ཏ་ཡིས་ཚེས11ཉིན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཝུན་ཞིན་གྱིས་གོང་གསལ་གྱི་རྣམ་འགྱུར་དེ"འཁྲུག་སློང་དང་ངན་ཇུས་འཐེན་ནས་ཁམ་ཕུ་ཀྲེའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བཙན་གནོད་བྱེད་པའི་དཔང་རྟགས་ཞིག་ཏུ་གྱུར"ཡོད། ཕྱོགས་གཉིས་ཀྱིས་ཟླ7པའི་ཚེས28ཉིན་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་དང་། ཟླ8པའི་ཚེས7ཉིན་མཱ་ལེ་ཞི་ཡ་རུ་བསྡུས་པའི་མཐའ་མཚམས་ཀྱི་སྤྱི་ཁྱབ་ཨུ་ཡོན་ལྷན་ཁང་གི་དམིགས་བསལ་ཚོགས་འདུའི་དགོངས་དོན་ལ་རྒྱབ་འགལ་བྱས་ཡོད་ཟེར།
མ་ལིས་ཧྲུའུ་ཅེ་ཏ་ཡིས་བཤད་རྒྱུར། མཐའ་མཚམས་སྤྱི་ཁྱབ་ཨུ་ཡོན་ལྷན་ཁང་གི་དམིགས་བསལ་ཚོགས་འདུའི་སྟེང་། ཁམ་ཕུ་ཀྲེ་དང་ཐེ་གོ་ཕྱོགས་གཉིས་ཀྱིས་དམག་དཔུང་བསྐོ་འཐེན་བྱས་མི་ཆོག་པ་དང་། སྔར་ཡོད་ཀྱི་གཡུལ་ས་ལས་གཞན་ལ་སྐོར་སྐྱོད་བྱས་མི་ཆོག་པའི་མོས་མཐུན་བྱུང་ཡོད། ཁམ་ཕུ་ཀྲེ་ཡིས་ཞི་བདེའི་ཐག་གཅོད་རྒྱུན་སྲུང་བྱས་ཡོད་པ་དང་། ཞི་བདེའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་གཟབ་ནན་སྒོས་ལག་བསྟར་བྱེད་བཞིན་ཡོད། ཐེ་གོ་ཕྱོགས་ཀྱིས་ཀྱང་རྩ་དོན་འདི་རྒྱུན་སྲུང་བྱེད་ཐུབ་པའི་རེ་བ་ཡོད་ཟེར། །