ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས20ཉིན། སྐབས29པའི་འཛམ་གླིང་འབར་རླངས་ཚོགས་ཆེན་པེ་ཅིན་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་ནས་འཚོགས་མགོ་བརྩམས། འདི་ནི་འཛམ་གླིང་འབར་རླངས་ཚོགས་ཆེན་སྒྲུབ་མགོ་བརྩམས་ནས་ལོ་བརྒྱ་ཉེ་བའི་རིང་ཀྲུང་གོར་བསྡུས་པ་ཐེངས་དང་པོ་རེད། ཐེངས་འདིའི་ཚོགས་ཆེན་གྱིས“འབྱུང་འགྱུར་ལ་རྒྱུན་མཐུད་ཀྱི་ནུས་ཤུགས་སྩོལ”ཅེས་པ་བརྗོད་དོན་གཙོ་བོར་བཟུང་ཞིང་། འཛམ་གླིང་གི་རྒྱལ་ཁབ་དང་ས་གནས70ནས་ཡོང་བའི་འཐུས་མི3000ལྷག་ལྷན་གཅིག་ཏུ་འཛོམས་ཏེ། གོ་ལ་ཧྲིལ་བའི་ནུས་ཁུངས་ཚུལ་བསྒྱུར་དང་། རང་བྱུང་སོལ་རླངས་ལས་རིགས་འཕེལ་རྒྱས། རྒྱུན་མཐུད་རང་བཞིན་གྱི་འབྱུང་འགྱུར་འགྲོ་ལམ་འཚོལ་བ་བཅས་ཀྱི་ཐད་ལ་བརྗེ་རེས་ཟབ་མོ་དང་ལྟ་བ་གཅིག་མཐུན་ཡོང་བར་བྱས།
པར་འདི་ནི་ཟླ5པའི་ཚེས20ཉིན་རྒྱལ་སྤྱིའི་འབར་རླངས་མནའ་འབྲེལ་ཀྱི་ཀྲུའུ་ཞི་ལི་ཡ་ལན་གྱིས་མགོ་རྩོམ་མཛད་སྒོ་སྟེང་ཤིས་ཚིག་འབུལ་བཞིན་པའི་རྣམ་པ་རེད།
རྒྱུས་ལོན་པ་ལྟར་ན། སྐབས་འདིའི་ཚོགས་ཆེན་གྱིས་གཞི་ཁྱོན་ཆེ་བའི་ཆེད་དོན་གླེང་སྟེགས་ཐེངས80ལྷག་བསྡུས་ནས། LNGའཕེལ་རྒྱས་དང་རང་བྱུང་སོལ་རླངས། སླར་སྐྱེས་ནུས་ཁུངས། ནུས་ཁུངས་བདེ་འཇགས། གཞི་གྲངས་ཅན་རྣམ་བསྒྱུར་སོགས་ཁྱབ་ཁོངས་ཡོངས་ལ་ཁྱབ་པར་བྱས་ཤིང་། སྐུ་མགྲོན400ལྷག་གིས་ལས་རིགས་འཕེལ་ཕྱོགས་དང་ལག་རྩལ་གསར་སྒྱུར་ཐད་ལ་བསམ་བློ་བརྗེ་རེས་གནང་རྒྱུ་རེད།
འཛམ་གླིང་འབར་རླངས་ཚོགས་ཆེན་ནི་རྒྱལ་སྤྱིའི་འབར་རླངས་མནའ་འབྲེལ་གྱིས་ལོ་གསུམ་རེར་ཐེངས་རེ་བསྡུ་བཞིན་ཡོད་ལ། གོ་ལ་ཧྲིལ་བོའི་འབར་རླངས་ལས་རིགས་ཀྱི“ཨོ་ལིན་ཕུག”ཞེས་བརྗོད་བཞིན་ཡོད། སྐབས29པའི་འཛམ་གླིང་འབར་རླངས་ཚོགས་ཆེན་ནི་རྒྱལ་སྤྱིའི་འབར་རླངས་མནའ་འབྲེལ་གྱིས་གཙོ་སྒྲུབ་བྱས་ཤིང་། པེ་ཅིན་གྲོང་ཁྱེར་འབར་རླངས་སྡེ་ཚོགས་ཚད་ཡོད་འགན་འཁྲི་ཀུང་སིས་འགན་སྒྲུབ་བྱས་པ་དང་། རྒྱལ་སའི་འགྲེམ་སྟོན(སྡེ་ཚོགས)ཚད་ཡོད་ཀུང་སིས་གཉེར་སྐྱོང་བྱས། །