ཀྲུང་གོ་བོད་ཀྱི་དྲ་བ།

ཧ་མ་སིའི་དཔོན་རིགས་ཀྱིས་དབྱི་སི་ལེ་ཡིས་ལཱ་ཧྥ་ལ་དམག་དོན་གྱི་འགུལ་སྐྱོད་སྤེལ་བ་དེས་དམག་མཚམས་འཇོག་པར་བཀག་རྒྱ་བཟོས་པར་བཤད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕ་ལེ་སི་ཐན་དབྱི་སི་ལན་ངོ་རྒོལ་ལས་འགུལ(ཧ་མ་སི)ཆབ་སྲིད་ཅུའུ་ཡི་ཁོངས་མི་དབྱི་ཀྲ་ཐེ·ལི་ཧྲི་ཁེ་ཡིས་ཚེས6ཉིན་བཤད་རྒྱུར། དབྱི་སི་ལེ་ཡིས་ཕ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་གྱི་ལྷོ་ཕྱོགས་གྲོང་ཁྱེར་ལཱ་ཧྥ་ལ་དམག་དོན་གྱི་འགུལ་སྐྱོད་སྤེལ་བ་དེ་མིག་སྔར་དམག་མཚམས་འཇོག་པའི་གྲོས་མོལ་ལ་བར་ཆད་བཟོས་ཡོད་པ་རེད། 

དབྱི་སི་རལ་སྨྱན་བྱད་ཀྱིས་ཚེས6ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་སི་རལ་ནང་སྲིད་ཀྱིས་ཉིན་འགའ་ཡི་རྗེས་སུ་ལཱ་ཧྥ་ལ་འཇབ་རྒོལ་བྱ་རྒྱུའི་ཐག་བཅད། དབྱི་སི་རལ་དམག་དཔུང་གིས་ཉིན་དེར་ལཱ་ཧྥ་ཤར་ཕྱོགས་ཀྱི་སྡོད་དམངས་རྣམས་མྱུར་དུ“མི་ཆོས་རིང་ལུགས་ཀྱི་ས་ཁུལ”དུ་ཕྱིར་འཐེན་བྱ་དགོས་པའི་འབོད་སྐུལ་བཏང་། 

ཧ་མ་སིའི་འབྲེལ་ཡོད་མི་སྣས་ཚེས6ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར། དབྱི་སི་རལ་གྱིས་ལཱ་ཧྥ་ལ་འཇིགས་སྐུལ་བྱས་པ་དེས་དམག་མཚམས་འཇོག་པར་གྲོས་མོལ་བྱ་རྒྱུའི་ཐད་ལ་ཤུགས་རྐྱེན་ཆེན་པོ་བཟོས་ཤིང་། ཧ་མ་སི་ཡིས་འབྲེལ་ཡོད་ཀྱི་ལས་དོན་ནང་ཞུགས་མཚམས་འཇོག་སྲིད་པར་བཤད། ཁོས་བཤད་རྒྱུར། དབྱི་སི་རལ་གྱིས་ལཱ་ཧྥ་ལ་འཇིགས་སྐུལ་རྡུང་རྡེག་བྱེད་པ་དེས་ཧ་མ་སི་ཡིས་ཐེངས་འདིིའི་གྲོལ་མོལ་ཐད་ཀྱི་བླངས་ཕྱོགས་ལ་འགྱུར་བ་གཏོང་མི་སྲིད་ལ། ཧ་མ་སི་ཡིས་བགྲོད་ལམ་ཡངས་པོ་ཕྱེ་མི་སྲིད་པར་བཤད། 

ཕ་ལེ་སི་ཐན་བདེ་འཇགས་སྡེ་ཁག་གི་འབྲེལ་ཡོད་མི་སྣའི་བཤད་པ་གཞིར་བཟུང་ན། ཕྱིར་འཐེན་བརྡ་ཐོ་བཏང་མ་ཐག་དབྱི་སི་རལ་དམག་དཔུང་གིས་ལཱ་ཧྥའི་ཤར་ཕྱོགས་ས་ཁུལ་ལ་མཁའ་རྒོལ་བྱེད་མགོ་བརྩམས་ཏེ། སྡོད་ཁང་མང་པོ་ཐེངས་འདིའི་འཇབ་རྒོལ་ཁྲོད་གཏོར་སྐྱོན་ཐེབས་མོད། མི་སྣ་ཤི་རྨས་ཀྱི་གནས་ཚུལ་བྱུང་མེད་པ་རེད། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།