ཀྲུང་གོ་བོད་ཀྱི་དྲ་བ།

ཕ་ན་མའི་ཐོག་མའི་འདེམས་བསྐོ་ཁྲོད་མུའུ་ལི་ནའོ་ལ་རྒྱལ་ཁ་ཐོབ་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕ་ན་མའི་འདེམས་བསྐོ་ཁྲིམས་ཁང་གིས་ཚེས5ཉིན་གྱི་དགོང་མོར་བསྒྲགས་པའི་ཐོག་མའི་བསྡོམས་རྩིས་མཇུག་འབྲས་ལས་མངོན་པ་ལྟར་ན། མངོན་འགྱུར་དམིགས་འབེན་ཏང་དང་མནའ་འབྲེལ་ཏང་གཉིས་ཀྱི་ཐུན་མོང་གི་འདེམས་བསྐོ་འོས་མི་ཧི་སའེ·ལའོ་ཨར·མུའུ་ལི་ནའོ་ཡིས་ཉིན་དེར་བསྡུས་པའི་ཙུང་ཐུང་འདེམས་བསྐོ་ཁྲོད་རྒྱལ་ཁ་ཐོབ།

པར་འདི་ནི་ཟླ5པའི་ཚེས5ཉིན་གྱི་དགོང་མོར་ཕ་ན་མའི་རྒྱལ་ས་ཕ་ན་མ་རུ་མངོན་འགྱུར་དམིགས་འབེན་ཏང་དང་མནའ་འབྲེལ་ཏང་གཉིས་ཀྱི་ཐུན་མོང་གི་འོས་མི་ཧི་སའེ·ལའོ་ཨར·མུའུ་ལི་ནའོ་ཡིས་གཏམ་བཤད་སྤེལ་བཞིན་པའི་རྣམ་པ་རེད། 

ཕ་ན་མ་འདེམས་བསྐོ་ཁྲིམས་ཁང་གི་གཞུང་ཕྱོགས་དྲ་བའི་སྟེང་སྤེལ་བའི་གཞི་གྲངས་ལྟར་ན། ཐེངས་འདིའི་ཙུང་ཐུང་འདེམས་བསྐོའི་འདེམས་ཤོག་འཕེན་ཚད77%ལས་བརྒལ་ཞིང་། འདེམས་ཤོག88%ཡི་བསྡོམས་རྩིས་མཇུག་འབྲས་ལྟར་ན། མུའུ་ལི་ནའོ་ལ་འདེམས་ཤོག་ཐོབ་ཚད་ཕལ་ཆེར34.4%ཡིན་པ་རེད། གཞན་ཡང་བགྲོད་ལམ་ཏང་གི་འདེམས་བསྐོ་འོས་མི་ལུང་པ་ན་དང་མི་དམངས་ཏང་གི་འདེམས་བསྐོ་འོས་མི་ཐའོ་ལི་ཧའོ་སི་གཉིས་ལ་འདེམས་ཤོག་ཨང་གཉིས་པ་དང་ཨང་གསུམ་པ་ཐོབ། འདེམས་བསྐོ་བཅའ་ཁྲིམས་ཀྱིས་མུའུ་ལི་ནའོ་ལ་གློག་འཕྲིན་བཏང་སྟེ། ཐེངས་འདིའི་ཙུང་ཐུང་འདེམས་བསྐོ་ཁྲོད་རྒྱལ་ཁ་ཐོབ་པའི་གནས་ཚུལ་ཁྱབ་བསྒྲགས་བྱས། 

མུའུ་ལི་ནའོ་ནི1959ལོར་ཕ་ན་མའི་ནུབ་ཕྱོགས་གྲོང་ཁྱེར་ཏའེ་ཝའེ་རུ་སྐྱེས་ཤིང་། ཕ་ན་མའི་ཕྱི་འབྲེལ་པུའུ་དང་། ནང་སྲིད་དང་ཁྲིམས་འཛིན་པུའུ། སྤྱི་བའི་བདེ་འཇགས་པུའུ་བཅས་ཀྱི་པུའུ་ཀྲང་གི་འགན་འཁུར་བ་རེད། 

མུའུ་ལི་ནའོ་ནི་ཙུང་ཐུང་ཟུར་པ་ལི་ཁཱ་ཏའོ·མཱ་ཏི་ནའེ་ལི་ཡི་འདེམས་བསྐོའི་རོགས་པ་ཡིན་པའི་ཆ་ནས་ཐེངས་འདིའི་ཙུང་ཐུང་གི་འདེམས་བསྐོ་ནང་ཞུགས། ན་ནིང་གི་ཟླ7པར་མཱ་ཏི་ནའེ་ལི་ལ་འཛིན་བཟུང་བྱས་སྟབས། ཕ་ན་མའི་བཅའ་ཁྲིམས་ལྟར། མཱ་ཏི་ནའེ་ལི་ཡི་འདེམས་བསྐོ་ཐོབ་ཐང་མེད་པར་བཟོས་ཤིང་། ད་ལོའི་ཟླ3པར་མངོན་འགྱུར་དམིགས་འབེན་ཏང་གིས་མུའུ་ལི་ནའོ་ལ་ཙུང་ཐུང་གི་འདེམས་བསྐོའི་འོས་མི་ནང་བཞག 

ཕ་ན་མའི་ཙུང་ཐུང་འདེམས་བསྐོ་ཚེས5ཉིན་གྱི་སྔ་དྲོ་ནས་འདེམས་ཤོག་འཕེན་མགོ་བརྩམས་ཤིང་། འོས་མི8ཐེངས་འདིའི་འདེམས་བསྐོ་ནང་ཞུགས། ཕ་ན་མའི་ཙུང་ཐུང་འདེམས་བསྐོ་བྱེད་སྟངས་ནི་འབྲེལ་ཡོད་ཀྱི་བཅའ་ཁྲིམས་གཞི་བཟུང་ནས་སྟབས་བདེའི་མང་ཐོབ་ལམ་ལུགས་ལྟར། ཐེངས་གཅིག་ལ་འདེམས་ཤོག་འཕངས་ཤིང་འདེམས་ཤོག་ཐོབ་ཚད་མང་པོ་དེར་འདེམས་བསྐོ་བྱ་རྒྱུ་ཡིན། ཕ་ན་མའི་ཙུང་ཐུང་གི་འགན་འཁུར་ཡུན་ལོ5ཡིན་ལ་བསྟུད་མར་འགན་འཁུར་མི་ཆོག་པ་རེད། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།