ཀྲུང་གོ་བོད་ཀྱི་དྲ་བ།

ཐོ་ཀོའི་རྒྱལ་དམངས་གྲོས་ཚོགས་ཀྱི་ཐོག་མའི་འདེམས་བསྐོའི་མཇུག་འབྲས་ལས་སྲིད་སྐྱོང་ཏང་ལ་གདན་ཐོབ་མང་པོ་ཐོབ་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས4ཉིན་གྱི་དགོང་མོར་ཐོ་ཀོའི་རྒྱལ་ཡོངས་རང་ཚུགས་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པའི་རྒྱལ་དམངས་གྲོས་ཚོགས་ཀྱི་ཐོག་མའི་འདེམས་བསྐོའི་མཇུག་འབྲས་ལས་མངོན་པ་ལྟར་ན། ཐོ་ཀོའི་ཙུང་ཐུང་ཧྥུའུ་ལེ་ཡིས་མགོ་འཁྲིད་པའི་སྲིད་སྐྱོང་ཏང་གི་སྲུང་སྐྱོང་སྤྱི་མཐུན་མནའ་འབྲེལ་ལ་གདན་ཐོབ108ཐོབ་པ་དང་དེ་ལས་གཞན་པའི་ངོ་རྒོལ་ཏང་ཁག4ལ་གདན་ཐོབ5ཐོབ་པ་རེད།

ཟླ4པའི་ཚེས29ཉིན་ཐོ་ཀོ་རུ་རྒྱལ་དམངས་གྲོས་ཚོགས་ཀྱི་འདེམས་བསྐོ་ཚོགས་འདུ་བསྡུས་ཤིང་། ཁྱོན་བསྡོམས་འདེམས་བསྐོ་འོས་མི2300ལ་གདམ་ཐོ113གནང་བ་རེད། གཞུང་ཕྱོགས་ཀྱི་གཞི་གྲངས་ལས་མངོན་པ་ལྟར་ན། འདེམས་དམངས་ཁྲི420ལྷག་གིས་ཐེངས་འདིའི་འདེམས་བསྐོ་ནང་ཐོ་འགོད་བྱས་ཡོད་ལ། འདེམས་ཤོག་འཕེན་ཚད་ཕལ་ཆེར61%ཡིན་པ་རེད། 

ཐོ་ཀོ་ཡིས2002ལོར་རྩ་ཁྲིམས་ལ་བཟོ་བཅོས་བརྒྱབ་སྟེ་གྲོས་ཁང་གཉིས་ཅན་གྱི་ལམ་ལུགས་ལག་བསྟར་བྱས་ཤིང་། གྲོས་ཚོགས་ལ་རྒྱལ་དམངས་གྲོས་ཁང་དང་གྲོས་ཁང་གོང་མ་གཉིས་ཀྱིས་གྲུབ་པ་རེད། རྒྱལ་དམངས་གྲོས་ཁང་གི་གྲོས་མིའི་འགན་འཁུར་ཡུན་ལོ6ཡིན་ལ་བསྟུད་མར་ཐེངས་གཉིས་ལ་འགན་འཁུར་ཆོག་པ་རེད། 

ཐོ་ཀོ་རྒྱལ་དམངས་གྲོས་ཁང་གི་རྩ་ཁྲིམས་གསར་བ་ལྟར་ན། ཐོ་ཀོའི་ཙུང་ཐུང་ནི་གྲོས་ཁང་གིས་འདེམས་བསྐོ་བྱེད་དགོས་ལ་འགན་འཁུར་ཡུན་ལོ4ཡིན་ཞིང་། བསྟུད་མར་ཐེངས་གཅིག་ལ་འགན་འཁུར་ཆོག དེ་ལས་གཞན། མ་འོངས་པར་འཛུགས་རྩིས་ཡོད་པའི“པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི”ཞེས་པ་དེ་ནི་གྲོས་ཚོགས་ཀྱི་འདེམས་བསྐོ་ཁྲོད་གདམ་ཐོ་ཆེས་མང་པོ་ཐོབ་པའི་སྲིད་ཏང་དང་མནའ་འབྲེལ་གྱི་མགོ་ཁྲིད་མི་སྣ་ཡིས་འགན་འཁུར་ཏེ་སྲིད་གཞུང་གི་ལས་དོན་མཐའ་དག་ལ་དོ་དམ་བྱ་རྒྱུ་རེད། རྩ་ཁྲིམས་གསར་བའི་སྟེང་ཙུང་ཐུང་ཧྥུའུ་ལའེ་ཡིས་མིང་རྟགས་བཀོད་རྗེས་ད་གཟོད་ནུས་པ་ལྡན་པ་རེད། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།