ཀྲུང་གོ་བོད་ཀྱི་དྲ་བ།

གོ་ལ་ཧྲིལ་བོ་ནས་མི་དུང་ཕྱུར2.816ལྷག་ལ་འབྲུ་རིགས་བདེ་འཇགས་མིན་པའི་གནད་དོན་ཚབས་ཆེན་ལ་འཕྲད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས24ཉིན། མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་དང་འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་སོགས་རྒྱལ་སྤྱིའི་རྩ་འཛུགས་དང་སྒྲིག་གཞི་མང་པོ་ཞིག་གིས་མཉམ་དུ《གོ་ལ་ཧྲིལ་པོའི་འབྲུ་རིགས་ཉམས་ཉེན་སྙན་ཞུ》གསར་ཤོས་ཁྱབ་བསྒྲགས་བྱས་ལ། 2023ལོར་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ59ཡི་མི་དུང་ཕྱུར2.816ལྷག་ལ་འབྲུ་རིགས་བདེ་འཇགས་མིན་པའི་གནད་དོན་ཚབས་ཆེན་ལ་འཕྲད་ཡོད། ས་གནས་གདོང་ཐུག་དང་ཐལ་དྲགས་པའི་གནམ་གཤིས། དཔལ་འབྱོར་ཉམས་ཉེན་སོགས་ཀྱིས་མུ་མཐུད་དུ་གནས་བབ་ཇེ་སྡུག་ཏུ་འགྲོ་ངེས།

འབྲུ་རིགས་བདེ་འཇགས་མིན་པའི་གནས་ཚུལ་ཚབས་ཆེན་ཡིན་པ་ནི་ཚེ་སྲོག་གམ་འཚོ་ཇུས་ལ་ཟས་རིགས་འདང་ངེས་མཁོ་འདོན་བྱེད་མ་ནུས་པས་རེད། སྙན་ཞུའི་ནང2023ལོར་འབྲུ་རིགས་བདེ་འཇགས་མིན་པའི་གནད་དོན་ཚབས་ཆེན་ལ་འཕྲད་པའི་མི་གྲངས2022ལོ་ལས་ཁྲི2400ལྷག་ཡར་འཕར་ཞིང་བསྟུད་མར་ལོ5རིང་འཕར་ཡོད། འབྲུ་རིགས་བདེ་འཇགས་མིན་པའི་མི་ཚོགས་ཁྲོད་བྱིས་པ་དང་བུད་མེད་མང་པོ་ཟིན་ཞིང་། རྒྱལ་ཁབ32ཀྱི་ལོ5མན་གྱི་བྱིས་པ་ཁྲི3600ལྷག་ལ་འཚོ་བཅུད་འདང་གི་མེད་པ་རེད། སྙན་ཞུའི་ནང2030ལོར་བཀྲེས་ལྟོགས་མེད་པར་བཟོ་བའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་འབྱུང་བར་འགྲན་སློང་ཧ་ཅང་ཆེན་པོ་ཡོད་པར་བཤད། 

སྙན་ཞུ་ནང་། 2023ལོར་ས་གནས་གདོང་ཐུག་ཚབས་ཆེན་ཡིན་པའི་ས་ཁུལ་གྱི་འབྲུ་རིགས་ཉམས་ཉེན་ཆེ་རུ་ཕྱིན་པ་དེས་མི་རྣམས་ཧང་སངས་བར་བྱས་ལ། ལྷག་པར་དུ་ཅ་ཧྲ་ས་ཁུལ་དང་སུའུ་ཏན་སོགས་སུ་བཟའ་བཅའ་དཀོན་པ་ལས་འཚོ་བཅུད་མི་འདང་བ་དང་ལྟོགས་ཤིའི་གནས་ཚུལ་མང་པོ་བྱུང་བ་རེད། གཞན་ཡང་། དཔལ་འབྱོར་གྱི་ཕོག་ཐུག་གིས་རྒྱལ་ཁབ21གི་མི་ཁྲི7500ལྷག་ལ་འབྲུ་རིགས་བདེ་འཇགས་མིན་པའི་གནད་དོན་ཚབས་ཆེན་ལ་འཕྲད་པ་དང་གནམ་གཤིས་ཐལ་དྲགས་པའི་དབང་གིས་རྒྱལ་ཁབ18ཀྱི་མི་ཁྲི7200ལ་འབྲུ་རིགས་བདེ་འཇགས་མིན་པའི་གནད་དོན་ཚབས་ཆེན་ལ་འཕྲད་ཡོད། སྙན་ཞུ་ནང་། ཨེ་ཨར་ཉི་ནུའོ་སྣང་ཚུལ་དང་གནམ་གཤིས་འགྱུར་ལྡོག་གིས2023ལོ་ཟིན་ཐོ་བཀོད་ཚུན་གྱི་ཆེས་ཚ་ཤོས་ཀྱི་ལོ་ཞིག་ཏུ་གྱུར་ཡོད། ཨེ་ཨར་ཉི་ནུའོ་སྣང་ཚུལ་དེ2024ལོའི་ལོ་མགོར་ཆེས་མཐོ་ཤོས་སུ་སླེབས་སྟབས་འབྲུ་རིགས་ཉམས་ཉེན་ལ་ཁྱོན་ཡོངས་ནས་ཤུགས་རྐྱེན་ཐེབས་རྒྱུ་དེ་ད་ལོའི་ལོ་ཧྲིལ་པོར་མངོན་སྲིད་ཅེས་ནན་གྱིས་བསྟན།

སྙན་ཞུ་ནང་བཤད་རྒྱུར། 2024ལོར་གོ་ལ་ཧྲིལ་པོའི་འབྲུ་རིགས་བདེ་འཇགས་ཀྱི་མདུན་ལམ་མུན་པས་རུབ་ཡོད་སྟབས་སྔོན་དཔག་བྱས་ན་ངོ་བོ་རང་བཞིན་གྱི་ལེགས་བསྒྱུར་ཡོང་མི་སྲིད་པ་རེད། དམག་འཁྲུག་དང་ཐལ་དྲགས་པའི་གནམ་གཤིས། ཡོང་འབབ་དམའ་བའི་རྒྱལ་ཁབ་ཀྱི་ཉོ་ཤུགས་མར་ཆག་པ། མི་ཆོས་རིང་ལུགས་ཀྱི་མ་དངུལ་ཇེ་ཉུང་དུ་ཕྱིན་པ་བཅས་ཀྱིས་འབྲུ་རིགས་བདེ་འཇགས་མིན་པའི་མི་འབོར་ལ་མུ་མཐུད་དུ་ཤུགས་རྐྱེན་ཐེབས་རྒྱུ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སིས་སྙན་ཞུ་ཁྱབ་བསྒྲགས་བྱས་རྗེས་བརྙན་ལམ་བརྒྱུད་དེ“གོ་ལ་ཧྲིལ་པོའི་འབྲུ་རིགས་ཉམས་ཉེན་ལ་གོ་ལ་ཧྲིལ་པོས་ཁ་གཏད་གཅོག་ཐབས་སྤྱོད་དགོས”ཞེས་གསུངས་པ་དང་། ཁོང་གིས། རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་མ་དངུལ་ཇེ་མང་དུ་བཏང་ནས་བཀྲེས་ལྟོགས་མེད་པར་བཟོ་བ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་རྒྱབ་སྐྱོར་བྱས་ཏེ་མི་ཆོས་རིང་ལུགས་ཀྱི་བྱ་སྤྱོད་ལ་མ་དངུལ་མཁོ་འདོན་བྱེད་པ་དང་འབྲུ་རིགས་ཀྱི་མ་ལག་སྒྱུར་བའི་བྱ་སྤྱོད་ལག་བསྟར་དོན་འཁྱོལ་བྱེད་དགོས་ཞེས་འབོད་སྐུལ་གནང་བ་རེད། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།