ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་དམག་ཕྱོགས་ཀྱིས་བྱང་ཕྱོགས་ས་ཁུལ་ལ་མེ་མདས་འཇབ་རྒོལ་ཐེབས་པར་བཤད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས22ཉིན་གསལ་བསྒྲགས་སྤེལ་དོན། དབྱི་སི་རལ་བྱང་ཕྱོགས་སའེ་ཧྥེ་ཏི་ཉེ་འགྲམ་ལ་ཉིན་དེར་ལི་པ་ནོན་ཕྱོགས་ནས་མེ་མདའ35ཡིས་འཇབ་རྒོལ་ཐེབས་ཤིང་། དེ་མ་ཐག་དབྱི་སི་རལ་དམག་དཔུང་གིས་མེ་མདས་རྒོལ་ལན་སྤྲད། 

གསལ་བསྒྲགས་ནང་། འཇབ་རྒོལ་ཐེབས་པའི་ས་ཁུལ་དུ་མཁའ་ཟོན་ཉེན་བརྡ་གྲགས་བྱུང་ལ། མིག་སྔར་མི་སྣ་ཤི་རྨས་ཀྱི་སྙན་ཞུ་འབྱོར་མེད། དབྱི་སི་རལ་དམག་དཔུང་གིས་དེ་མ་ཐག་ལི་པ་ནོན་མངའ་ཁོངས་སུ་ཡོད་པའི་མེ་མདའ་འཕེན་ས་ལ་འཇབ་རྒོལ་བྱས། དེ་མིན་དབྱི་སི་རལ་མཁའ་དམག་གིས་ཉིན་དེར་ལི་པ་ནོན་གྱི་གཙོ་འགན་ཏང་གིས་ལི་པ་ནོན་ལྷོ་ཕྱོགས་སུ་ཡོད་པའི་དམག་དོན་འཛུགས་སྐྲུན་གཉིས་ལ་མཁའ་རྒོལ་བྱས་པར་བཤད། 

ན་ནིང་གི་ཟླ10པའི་ཚེས7ཉིན། ཕ་ལི་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ(ཧ་མ་སི)གྱིས་དབྱི་སི་རལ་ལ་འཇབ་རྒོལ་བྱས་པ་ལས་ཕ་ལི་སི་ཐན་དང་དབྱི་སི་རལ་བར་གྱི་འགལ་འདུ་རབས་གསར་བ་བྱུང་བ་རེད། ལི་པ་ནོན་གྱི་གཙོ་འགན་ཏང་གིས་རྒྱུན་པར་དབྱི་སི་རལ་བྱང་ཕྱོགས་ལ་འཇབ་རྒོལ་བྱས་ལ། དབྱི་སི་རལ་གྱིས་ལི་པ་ནོན་ལྷོ་ཕྱོགས་ཀྱི་དམིགས་འབེན་ལ་འཇབ་རྒོལ་བྱས་ཏེ་རྒོལ་ལན་བླངས། སྨྱན་བྱད་མང་པོ་ཞིག་གིས་རབས་འདིའི་འགལ་འདུ་ཁྲོད་ལི་པ་ནོན་གྱི་གཙོ་འགན་ཏང་གི་ཁོངས་མི270དང་ལི་པ་ནོན་གྱི་འབངས་མི་སེར50ལྷག་བསད་པ་མ་ཟད། ལི་པ་ནོན་ལྷོ་ཕྱོགས་ས་ཁུལ་གྱི་མི་ཁྲི9ཡུལ་གྱར་བར་གྱུར། དབྱི་སི་རལ་ཕྱོགས་ཀྱིས་ཐེངས་འདིའི་འགལ་འདུ་ལས་བྱང་ཕྱོགས་རྒྱལ་མཚམས་ས་ཁུལ་གྱི་འབངས་མི་སེར་ཁྲི8ལྷག་རང་ཡུལ་དང་བྲལ་དགོས་བྱུང་བར་བཤད། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།