ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ཁི་སི་ཐན་དུ་དྲག་ཆར་བབས་ནས་ཉུང་མཐར་ཡང་མི30རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : གངས་ལྗོངས་མེ་ལོང་།     སྤེལ་དུས། : 2024-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་གྱི་དཔོན་རིགས་ཀྱིས་ཚེས་བཅུ་བཞི་ཉིན་བཤད་རྒྱུར། འདས་པའི་དུས་ཚོད་ཞེ་བརྒྱད་རིང་། དྲག་ཆར་ལས་བྱུང་བའི་རིགས་སྣ་ཚོགས་ཀྱི་གནོད་འཚེ་ལས་ཉུང་མཐར་ཡང་མི་སུམ་ཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག་ཡོད་ཟེར།

ཕཱ་ཁི་སི་ཐན་རྒྱལ་ཁབ་གནོད་འཚེ་དོ་དམ་ཅུའུ་ཡི་དཔོན་པོ་ཨོ་མཱ་ཨར་གྱིས་གསར་འགོད་པར་བཤད་རྒྱུར། ཕཱ་ཁི་སི་ཐན་ཤར་ཕྱོགས་ཀྱི་ཕང་ཀྲི་ཕུའུ་ཞིང་ཆེན་ནི་གནོད་འཚེ་ཐེབས་པ་ཆེས་ཚབས་ཆེ་བའི་ས་ཁུལ་ཡིན་ཞིང་། དྲག་ཆར་ལས་བྱུང་བའི་རིགས་སྣ་ཚོགས་ཀྱི་གནོད་འཚེ་ལས་ཞིང་ཆེན་དེར་ཉུང་མཐར་ཡང་མི་བཅུ་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་དྲུག་ལ་རྨས་ཕོག་ཡོད། ལྷོ་ནུབ་ཕྱོགས་ཀྱི་པུས་ལུའུ་ཀྲི་ཞིང་ཆེན་དུ་མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། ནུབ་བྱང་ཕྱོགས་ཀྱི་ཁའེ་པའོ་ཨར་དང་ཕུའུ་ཧྲི་ཐུའུ་ཞིང་ཆེན་དུ་ཉུང་མཐར་ཡང་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ལྷག་ལ་རྨས་ཕོག་ཡོད། དྲག་ཆར་ལས་ད་རུང་ས་ཁུལ་སྐོར་ཞིག་གི་ཁང་བར་གཏོར་བརླག་ཐེབས་པ་དང་གཞུང་ལམ་མང་བོ་གནོད་འཚེ་དབང་གིས་ཆད་ཡོད་ལ། ཕཱ་ཁི་སི་ཐན་དམག་ཕྱོགས་དང་སྲིད་གཞུང་། དམངས་ཁྲོད་རྩ་འཛུས་སོགས་ཀྱིས་གནོད་ཐེབས་ས་ཁུལ་དུ་རྒུད་སྐྱོབ་བྱ་བ་སྤེལ་བཞིན་ཡོད་ཟེར།

ཕཱ་ཁི་སི་ཐན་གནམ་གཤིས་བརྟག་དཔྱད་སྡེ་ཁག་གིས་ཚོད་དཔག་བྱས་པ་ལྟར་ན། མ་འོངས་པའི་དུས་ཚོད་ཉེར་བཞིའི་ནང་། རྒྱལ་ཁབ་དེའི་ས་ཁུལ་སྐོར་ཞིག་ཏུ་ཆར་ཆེན་དང་དྲག་ཆར་འབབ་རྒྱུ་ཡིན་པ་དང་། ཆུ་ལོག་དང་རི་ཉིལ་བ་སོགས་ཀྱི་གནོད་འཚེ་འབྱུང་བའི་ཉེན་ཁ་ཆེན་པོ་ཡོད་ཟེར། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།