ཀྲུང་གོ་བོད་ཀྱི་དྲ་བ།

ཧྥེ་ལི་པིན་རྒྱལ་ཁབ་དུ་ཉིན་བརྒྱའི་གློ་ལུ་རིམས་ནད་བྱུང་བ་ལས་ནད་པ40ཚེ་ལས་འདས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-03-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥེ་ལི་པིན་རྒྱལ་ཁབ་ཀྱི་འཕྲོད་བསྟེན་པུའུ་ཡིས་ཚེས27ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ད་ལོར་ཧྥེ་ལི་པིན་རྒྱལ་ཁབ་དུ་ཉིན་བརྒྱའི་གློ་ལུ་རིམས་ནད་བྱུང་སྟེ་ཚེ་ལས་འདས་པའི་ནད་པ40ལྷག་ལ་སླེབས་ཡོད། 

ཧྥེ་ལི་པིན་འཕྲོད་བསྟེན་པུའུ་ཡིས་ཉིན་དེར་སྤེལ་བའི་གསར་བསྒྲགས་ནང་། ཟླ3པའི་ཚེས16ཉིན་བར་ཧྥེ་ལི་པིན་རྒྱལ་ཁབ་དུ་ཁྱོན་བསྡོམས་མི568ཉིན་བརྒྱའི་གློ་ལུ་རིམས་ནད་བྱུང་སྟེ་ཚེ་ལས་འདས་ཤིང་། དེའི་ཁྲོད་ནད་པ356ནི་ཟླ6མན་གྱི་ཁྱེའུ་ཡིན་ལ། ནད་པ270ཡིས་འགོག་སྨན་བརྒྱབ་མེད་པའམ་འགོག་སྨན་བརྒྱབ་པའི་གནས་ཚུལ་གསར་བོ་མི་ཤེས་པ་རེད། ན་ནིང་གི་དུས་འདིར་ནད་པ26ལས་མེད་པ་རེད། 

ཟླ་འདིའི་ནང་། ཧྥེ་ལི་པིན་རྒྱལ་ཁབ་ཀྱི་རྒྱལ་ས་མཱ་ཉི་ལ་ཁུལ་ཆེན་གྱི་ཁུའེ་སུང་གྲོང་ཁྱེར་དང་ཕ་ཞི་གེ་གྲོང་ཁྱེར། ཧྥེ་ལི་པིན་དབུས་རྒྱུད་ཀྱི་དབྱི་ལའོ་དབྱི་ལའོ་གྲོང་ཁྱེར་བཅས་ལ་ཉིན་བརྒྱའི་གློ་ལུ་རིམས་ནད་བྱུང་ཞིང་། དབྱི་ལའོ་དབྱི་ལའོ་གྲོང་ཁྱེར་གྱིས་ད་དུང་ཛ་དྲག་གི་རྣམ་པར་གནས་པ་ཁྱབ་བསྒྲགས་བྱས། 

ཉིན་བརྒྱའི་གློ་ལུ་རིམས་ནད་ནི་ཉིན་བརྒྱའི་གློ་ལུ་ནད་དུག་ལས་བྱུང་བའི་དོས་དྲག་རང་བཞིན་གྱི་དབུགས་ལམ་གྱི་འགོས་ནད་ཞིག་ཡིན་ལ། གཙོ་བོ་དབུགས་ལམ་བརྒྱུད་ནས་འགོ་ཁྱབ་བྱེད་པ་ཞིག་རེད། ནད་འདི་མྱུར་དུ་སྨན་བཅོས་མ་བྱས་ཚེ། ཟླ2ནས3བར་གློ་ལུ་བྱེད་པའི་ནད་ཞིག་ཡིན་སྟབསཉིན་བརྒྱའི་གློ་ལུ་རིམས་ནད”ཞེས་འབོད། ནད་འདི་རྒྱུན་པར་བྱིས་པ་ལོ5མན་ལ་འབྱུང་སླ་ཞིང་། ཁྱེའུ་ལ་ལྷག་ཏུ་འཚུབ། རིམས་འགོག་སྨན་ཁབ་བརྒྱག་པ་ནི་ཉིན་བརྒྱའི་གློ་ལུ་རིམས་ནད་སྔོན་འགོག་བྱེད་པའི་ཐབས་ལམ་གཙོ་བོ་རེད། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།