ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སུའི་རོལ་དབྱངས་ཁང་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལས་ཚེ་འདས་མི་གྲངས143ལ་སླེབས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲེ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-03-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སུའི་བྲེལ་མྱུར་གནས་ཚུལ་པུའུ་ཡིས་ཚེས27ཉིན་བསྒྲགས་པའི་གསར་འགྱུར་ནང་བཤད་རྒྱུར།  མོ་སི་ཁོ་ཉེ་འགྲམ་གྱི་རོལ་དབྱངས་ཁང་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལས་མི143ཚེ་ལས་འདས། 

ཨུ་རུ་སུའི་བྲེལ་མྱུར་གནས་ཚུལ་པུའུ་ཡིས་ཉིན་དེར་དྲ་ཚིགས་སྟེང་ཚེ་འདས་མི་སྣའི་མིང་ཐོ་གསར་བསྒྱུར་བྱས་ཤིང་། མོ་སི་ཁོའི་དུས་ཚོད་ཚེས27ཉིན་གྱི་ཆུ་ཚོད20དང་སྐར་མ15(པེ་ཅིན་གྱི་དུས་ཚོད་ཚེས28ཉིན་གྱི་ཆུ་ཚོད1དང་སྐར་མ15)བར། ཚེ་འདས་མི་སྣ143ཡི་མིང་ཐོ་ཁྱབ་བསྒྲགས་བྱས། 

ཨུ་རུ་སུའི་མྱུལ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་སྤྱི་འབྲེལ་སྨྱན་བྱད་སྟེང་གསར་འགྱུར་སྤེལ་ནས་བཤད་རྒྱུར། ཨུ་ཡོན་ལྷན་ཚོགས་དེར་ཐེངས་འདིའི་དོན་རྐྱེན་ཁྲོད་མི143གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་འབྱོར་ཞིང་། རྐྱེན་ལམ་དུ་ཤོར་བའི་མི84ཡི་ཐོབ་ཐང་གཏན་ཁེལ་བྱས་ལ། དེའི་ཁྲོད་ལོ9ནས་ལོ16བར་གྱི་བྱིས་པ5འདུས་ཡོད། དེ་ལས་གཞན་པའི་མི་ཡི་ཐོབ་ཐངDNAབརྟག་དཔྱད་བྱས་རྗེས་ད་གཟོད་གཏན་ཁེལ་བྱ་དགོས། 

ཐཱ་སི་གསར་འགྱུར་ཁང་གིས་ཨུ་རུ་སུའི་གནོད་འཚེ་གསོ་རིག་ལྟེ་གནས་ཀྱི་གཞི་གྲངས་དྲངས་པ་ལྟར་ན། ཚེས27ཉིན་གྱི་ཞོགས་པའི་བར། ཐེངས་འདིའི་འཇབ་རྒོལ་ལས་མི360ལ་རྨས་ཕོག་ཅིང་། དེའི་ཁྲོད་ཀྱི་མི205ཡིས་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱས། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།