ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་ལ་འཇབ་རྒོལ་བྱས་པ་ལས་ཉུང་མཐར་ཡང་མི55ཚེ་ལས་འདས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-03-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕ་ལེ་སི་ཐན་གསར་འགྱུར་ཁང་གིས་ཚེས26ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་སི་རལ་དམག་དཔུང་གིས་ཉིན་དེར་ཅ་ཧྲ་ས་ཁུལ་བྱང་ཕྱོགས་དང་ལྷོ་ཕྱོགས་ཀྱི་ས་ཆ་མང་པོར་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི55ཚེ་ལས་འདས་པར་བཤད། 

པར་འདིི་ནི་ཟླ3པའི་ཚེས26ཉིན་ཅ་ཧྲ་ས་ཁུལ་གྱི་ལྷོ་ཕྱོགས་སུ་ཡོད་པའི་ལཱ་ཧྥ་གྲོང་ཁྱེར་དུ་གྲོང་མིས་ཞིག་རོ་འོག་ནས་མཁོ་ཆས་འཚོལ་བཞིན་པའི་རྣམ་པ་རེད། 

གསར་འགྱུར་ལས། དབྱི་སི་རལ་དམག་དཔུང་གིས་ཚེས26ཉིན་ཅ་ཧྲ་ས་ཁུལ་བྱང་ཕྱོགས་སུ་གནས་པའི་ཅ་ཧྲ་གྲོང་ཁྱེར་གྱི་སྡོད་ཁང་ཞིག་མཁའ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི30ཚེ་ལས་འདས་པ་དང་མི་བཅུ་ལྷག་ལ་རྨས་ཕོག་པ་དང་། ཅ་ཧྲ་ས་ཁུལ་ལྷོ་ཕྱོགས་སུ་གནས་པའི་ལཱ་ཧྥ་གྲོང་ཁྱེར་གྱི་སྡོད་ཁང་ཞིག་ལ་ཉིན་དེའི་ཐོ་རེངས་སྐབས་དབྱི་སི་རལ་དམག་དཔུང་གིས་འཇབ་རྒོལ་བྱས་པ་ལས་ཉུང་མཐར་ཡང་མི15ཚེ་ལས་འདས་པ་རེད། དེ་མིན། ཅ་ཧྲ་ས་ཁུལ་ལྷོ་ཕྱོགས་སུ་གནས་པའི་ཧན་ཡིག་ཉི་སི་ཏའོ་གྲོང་ཁྱེར་གྱི་ས་ཆ་མང་པོར་ཉིན་དེར་འཇབ་རྒོལ་ཐེབས་ཏེ་ཉུང་མཐར་ཡང་མི10ཚེ་ལས་འདས་པར་བཤད། 

གཞན་ཡང་ཅ་ཧྲ་ས་ཁུལ་གྱི་འབྲེལ་ཡོད་མི་སྣ་ཞིག་གིས་ཚེས26ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར། དབྱི་སི་རལ་དམག་དཔུང་གིས་ཉིན་དེར་མུ་མཐུད་ནས་ཅ་ཧྲ་གྲོང་ཁྱེར་དུ་ཡོད་པའི་ཅ་ཧྲ་ས་ཁུལ་གྱི་ཆེས་ཆེ་བའི་སྨན་ཁང་སྟེ་ཞི་ཧྭ་སྨན་ཁང་ལ་འཇབ་རྒོལ་བྱས་པ་མ་ཟད། ཕ་ལེ་སི་ཐན་གྱི་དྲག་ཆས་བ་དང་གདོང་ཐུག་དྲག་པོ་བྱུང་ཞིང་། ཤི་རྨས་ཀྱི་གནས་ཚུལ་གསལ་བོ་མི་ཤེས་ཞེས་བཤད། 

དབྱི་སི་རལ་ཙུང་ལི་གཞུང་ལས་ཁང་གིས་ཚེས26ཉིན་སྤེལ་བའི་གསལ་བསྒྲགས་ནང་། ཕ་ལེ་སི་ཐན་དབྱི་སི་ལན་ངོ་རྒོལ་ལས་འགུལ(ཧ་མ་སི)གྱིས་མྱུར་དུ་དམག་འཁྲུགས་མཚམས་འཇོག་རྒྱུ་དང་། དབྱི་སི་རལ་དམག་དཔུང་ཅ་ཧྲ་ས་ཁུལ་ནས་ཕྱིར་འཐེན་བྱེད་དགོས་པ་སོགས་ཀྱི་ཆ་རྐྱེན་བཏོན་མོད། དབྱི་སི་རལ་གྱིས་ཧ་མ་སིའི་རེ་བ་སྐོང་མི་སྲིད་ལ། དབྱི་སི་རལ་དམག་དཔུང་གིས་མུ་མཐུད་དུ་དམག་འཁྲུགས་ཀྱི་དམིགས་འབེན་ཏེ་ཧ་མ་སི་རྩ་མེད་གཏོང་རྒྱུ་དང་བཀག་ཉར་བྱས་པའི་དབྱི་སི་རལ་གྱི་འབངས་མི་ཡོད་ཚད་ཕྱིར་གཏོང་དགོས་པ་མ་ཟད། མ་འོངས་པར་ཅ་ཧྲ་ས་ཁུལ་དུ་དབྱི་སི་རལ་གྱི་འབངས་མི་ལ་འཇིགས་སྐུལ་བྱེད་མི་ཆོག་པར་ཁག་ཐེག་བྱ་དགོས་ཞེས་བསྟན།

ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས26ཉིན་བསྒྲགས་པའི་གཞི་གྲངས་ལྟར་ན། དབྱི་སི་རལ་དམག་དཔུང་གིས་འདས་པའི་ཆུ་ཚོད24རིང་། ཅ་ཧྲ་ས་ཁུལ་དུ་འཇབ་རྒོལ་བྱས་པ་ལས་མི81ཚེ་ལས་འདས་པ་དང་མི93ལ་རྨས་ཕོག ན་ནིང་གི་ཟླ10པར་ཕ་དབྱི་འགལ་འདུ་རབས་གསར་བ་བྱུང་བའི་ཚུན་དུ། དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་དམག་དོན་གྱི་འགུལ་སྐྱོད་སྤེལ་བ་ལས་ཁྱོན་བསྡོམས་མི་ཁྲི3.24ལྷག་ཚེ་ལས་འདས་པ་དང་མི་ཁྲི7.4ལ་རྨས་ཕོག 

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས25ཉིན་གྲོས་གཞི་ཨང2728པར་ཆོག་མཆན་ཐོབ་སྟེ། སྨྱུང་སྲུང་ཟླ་བའི་རིང་ཅ་ཧྲ་ས་ཁུལ་དུ་དམག་མཚམས་འཇོག་དགོས་པ་དང་། ཡུན་རིང་དང་རྒྱུན་མཐུད་ཅན་གྱི་དམག་མཚམས་འཇོག་དགོས་པའི་རེ་བ་བཏོན། །

པར་འདིི་ནི་ཟླ3པའི་ཚེས26ཉིན་ཅ་ཧྲ་ས་ཁུལ་གྱི་ལྷོ་ཕྱོགས་སུ་ཡོད་པའི་ལཱ་ཧྥ་གྲོང་ཁྱེར་དུ་གྲོང་མིས་ཞིག་རོ་འོག་ནས་མཁོ་ཆས་འཚོལ་བཞིན་པའི་རྣམ་པ་རེད། 

པར་འདིི་ནི་ཟླ3པའི་ཚེས26ཉིན་ཅ་ཧྲ་ས་ཁུལ་གྱི་ལྷོ་ཕྱོགས་སུ་ཡོད་པའི་ལཱ་ཧྥ་གྲོང་ཁྱེར་དུ་གྲོང་མིས་ཞིག་རོ་བརྒྱུད་ནས་འགྲོ་བཞིན་པའི་རྣམ་པ་རེད། 

པར་འདིི་ནི་ཟླ3པའི་ཚེས26ཉིན་ཅ་ཧྲ་ས་ཁུལ་གྱི་ལྷོ་ཕྱོགས་སུ་ཡོད་པའི་ལཱ་ཧྥ་གྲོང་ཁྱེར་དུ་གྲོང་མིས་ཞིག་རོ་འགྲམ་ནས་འགྲོ་བཞིན་པའི་རྣམ་པ་རེད། 

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།