ཀྲུང་གོ་བོད་ཀྱི་དྲ་བ།

གྲངས་འཛིན་དར་གོས་ཚོང་ལམ་གྱིས་འཛམ་གླིང་དེང་རབས་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་བཏང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-10-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཉིན་ཤས་སྔོན་དུ་འཚོགས་པའི་སྐབས་གསུམ་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་མགོ་རྩོམ་མཛད་སྒོའི་ཐོག རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྗོད་དོན་གཙོ་བོའི་གཏམ་བཤད་གནང་སྐབས། ཀྲུང་གོས་དར་གོས་ཚོང་ལམ་གློག་རྡུལ་ཚོང་དོན་གྱི་མཉམ་ལས་སྔོན་བསྐྱོད་ལག་བསྟར་ཁུལ་གཏོད་རྒྱུ་དང་། ལོ་རེར་གོ་ལ་ཧྲིལ་པོའི་གྲངས་འཛིན་ཉོ་ཚོང་དངོས་མང་འགྲེམས་ཚོགས་གཉེར་རྒྱུ་ཡིན་ཞེས་གསུངས། ཕྱི་ཕྱོགས་ཀྱིས་ཡོངས་ཁྱབ་ཐོག་དེས་ཀྲུང་གོ་དང་མཉམ་སྐྲུན་རྒྱལ་ཁབ་ཀྱི་གྲངས་འཛིན་དཔལ་འབྱོར་མཉམ་ལས་གཏིང་ཟབ་པོ་ཡོང་རྒྱུར་སྐུལ་འདེད་ཡོང་ཐུབ་པའི་ངོས་འཛིན་བྱེད་བཞིན་ཡོད།

མིག་སྔར། མིའི་རིགས་ཀྱི་སྤྱི་ཚོགས་དེ་གྲངས་འཛིན་ཅན་དང་དྲ་རྒྱ་ཅན། རིག་ནུས་ཅན་བཅས་ཀྱི་ཁྱད་ཆོས་ལྡན་པའི་བཟོ་ལས་གསར་བརྗེའི་རླབས་རྒྱུན་ཐེངས་བཞི་པ་བརྒྱུད་བཞིན་ཡོད། བསྡོམས་རྩིས་ལྟར་ན། 2022ལོར་ཨ་རི་དང་ཀྲུང་གོ འཇར་མན། འཇར་པན། ལྷོ་ཁོ་རེ་ཡ་བཅས་རྒྱལ་ཁབ་ལྔའི་གྲངས་འཛིན་དཔལ་འབྱོར་བསྡོམས་འབོར་ཨ་སྒོར་དུང་ཕྱུར་ཁྲི31ཟིན་པ་དང་། གྲངས་འཛིན་དཔལ་འབྱོར་གྱིས་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི58%བཟུང་པས། གཞི་ཁྱོན་རྒྱུན་མཐུད་ངང་འཕར་བཞིན་ཡོད། འོན་ཀྱང་ཕྱོགས་གཞན་ཞིག་ནས་བལྟས་ན། གྲངས་ཀའི་ཧེ་བག་ཡོད་རྐྱེན། རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་གྲངས་འཛིན་ལག་རྩལ་འཕོ་འགྱུར་ལས་འབྱུང་བའི་གོ་སྐབས་དང་གྲུབ་འབྲས་ལོངས་སྤྱོད་ཡག་པོ་བྱེད་ཐུབ་མེད་པས། ཁོང་ཚོའི་དེང་རབས་ཅན་གྱི་རྗེས་སུ་སྙེག་པའི་གོམ་སྟབས་ལ་འགོག་རྐྱེན་བཟོས་ཡོད། 

ལོ་བཅུའི་གོང་དུ། ཀྲུང་གོ་ཕྱོགས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་གྱི་གྲོས་མགོ་བཏོན། མཉམ་འབྲེལ་མཉམ་མཐུད་ཀྱི་དམིགས་ཚད་ཆེན་པོའི་འོག ཁ་ཕྱོགས་གལ་ཆེན་པོ་ཞིག་ནི་མཉམ་སྐྲུན་རྒྱལ་ཁབ་ཀྱིས་གྲངས་འཛིན་ལག་རྩལ་དང་གྲངས་འཛིན་རྨང་གཞིའི་སྒྲིག་བཀོད། གྲངས་འཛིན་ཁྲོམ་ར་སོགས་ཁྱབ་ཁོངས་སུ་མཉམ་ལས་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད། ཀྲུང་གོས་འབད་པ་ཆེན་པོས་ཟབ་ཞུགས་དང་སྐུལ་འདེད་འོག གྲངས་འཛིན་དར་གོས་ཚོང་ལམ་འཛུགས་སྐྲུན་ལ་གཡུར་ཟའི་གྲུབ་འབྲས་ཐོབ།

5Gརྟེན་གཞི་དང་། གྲངས་གཞིའི་ལྟེ་གནས། སྤྲིན་རྩིས་ལྟེ་གནས། རིག་ནུས་གྲོང་ཁྱེར་སོགས་རྒྱལ་ཁབ་མང་པོར་དོན་འཁྱོལ་བྱུང་བ་དང་། མཉམ་སྐྲུན་རྒྱལ་ཁབ་ཀྱི་གྲུ་ཁ་དང་ལྕགས་ལམ། གཞུང་ལམ། ཆུ་བེད་སོགས་ཀྱི་སྒྲིག་བཀོད་མི་ཉུང་བ་ཞིག་ལ་གྲངས་འཛིན་ཅན་གྱི་རིམ་སྤོར་སྒྱུར་བཀོད་བྱུང་། བྱང་སྐར་སྤུན་བདུན་རྟགས་ཅན་གསུམ་པས་ཀྲུང་གོ་དང་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་དང་གྲུ་གཟིངས། མཚོ་ཐོག་སྐྱེལ་འདྲེན་སོགས་ལ་ཁྱོན་ཡོངས་ཀྱི་སྲུང་སྐར་ཕྱོགས་སྟོན་ཞབས་ཞུ་མཁོ་འདོན་བྱས། ཀྲུང་གོས་རྒྱལ་ཁབ20དང་གྲངས་འཛིན་དར་གོས་ཚོང་ལམ་འཛུགས་སྐྲུན་མཉམ་ལས་ཀྱི་བསམ་ཤེས་བརྗེད་ཐོར་མིང་རྟགས་བཀོད་པ་སོགས་རྣམ་གྲངས་དེ་དག་གིས་མཉམ་སྐྲུན་རྒྱལ་ཁབ་ཀྱི་གྲངས་འཛིན་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ཆུ་ཚད་ཇེ་མཐོར་བཏང་བ་མ་ཟད། མང་ཚོགས་ཀྱི་འཚོ་བ་ལཡང་འགྱུར་ལྡོག་མང་པོ་བཏང་ཡོད།

ལོ10ཡི་ཉམས་མྱོང་བརྒྱུད། རྒྱུད་གཅིག་ལམ་གཅིག་གི་གྲངས་འཛིན་དཔལ་འབྱོར་གྱི་མཉམ་ལས་དེ་མགོ་འཛུགས་ས་གསར་པ་ཞིག་གི་ཐོག་ཏུ་སླེབས་ཡོད། ད་ཐེངས་ཀྲུང་གོ་ཕྱོགས་ཀྱིས་སྤུས་ཚད་མཐོ་པོའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱ་རྒྱུའི་བྱ་སྤྱོད་ཁག་བརྒྱད་བཏོན་པ་དེའི་ནང་གྲངས་འཛིན་དཔལ་འབྱོར་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ནང་དོན་ཚུད། འབྲེལ་ཡོད་ཆེད་མཁས་པས་དབྱེ་ཞིབ་བརྒྱུད། 2022ལོར་ཀྲུང་གོའི་གྲངས་འཛིན་དཔལ་འབྱོར་གྱི་གཞི་ཁྱོན་འཛམ་གླིང་གི་ཨང་གཉིས་པར་སླེབས་པ་དང་། མ་འོངས་པར་དར་གོས་ཚོང་ལམ་གློག་རྡུལ་ཚོང་དོན་མཉམ་ལས་སྔོན་སྐྱོད་ལག་བསྟར་ཁུལ་བཏོད་པ་དང་། གོ་ལ་ཧྲིལ་པོའི་གྲངས་འཛིན་ཉོ་ཚོང་དངོས་མང་འགྲེམས་ཚོགས་གཉེར་བ་བརྒྱུད། ཀྲུང་གོས་མཉམ་སྐྲུན་རྒྱལ་ཁབ་བར་གྱི་གྲངས་འཛིན་དཔལ་འབྱོར་མཉམ་ལས་ཀྱི་ལས་ཕྱོད་ཆེ་རུ་བཏང་ནས་རྒྱལ་ཁབ་ཁག་གི་དཔལ་འབྱོར་མཉམ་ལས་ཀྱི་བྱ་གཞི་གསར་པ་གཏོད་རྒྱུ་རེད་ཅེས་བསྟན།

ཐེངས་འདིའི་གླེང་སྟེགས་སྐབས་སུ། ཀྲུང་གོས་འབྲེལ་ཡོད་རྒྱལ་ཁབ་དང་མཉམ་དུ《རྒྱུད་གཅིག་ལམ་གཅིག་གི་གྲངས་འཛིན་དཔལ་འབྱོར་རྒྱལ་སྤྱིའི་མཉམ་ལས་ཀྱི་པེ་ཅིན་གྲོས་མགོ》ཁྱབ་སྒྲོག་བྱས་ནས་རྨང་གཞིའི་སྒྲིག་བཀོད་དང་ཐོན་ལས་བརྗེ་སྒྱུར། གྲངས་འཛིན་ནུས་པ། མཉམ་ལས་སྒྲིག་གཞི་སོགས་ཀྱི་ཐད་ཐུན་མོང་གི་ངོས་འཛིན20བཏོན། དེས་གྲངས་འཛིན་དཔལ་འབྱོར་མཉམ་ལས་ཀྱི་ཐབས་ལམ་གསར་པ་རྒྱ་ཆེར་བཏང་སྟེ། འབྱུང་འགྱུར་ལོ10ཡི་ནང་གྲངས་འཛིན་མཉམ་འབྲེལ་མཉམ་མཐུད་ལ་ཤུགས་སྣོན་ཐེབས་རྒྱུ་དང་གྲངས་འཛིན་དར་གོས་ཚོང་ལམ་འཛུགས་རྒྱུར་ཐབས་ལམ་བསྟན་ཡོད། 

དེ་དང་ཆབས་ཅིག ཀྲུང་གོ་ཕྱོགས་ཀྱིས་ད་དུང《གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་བཅོས་སྒྲིག་གི་གྲོས་མགོ》བཏོན་ནས་མི་ཐབས་རིག་ནུས་འཕེལ་རྒྱས་གཏོང་བར་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་པ་ནན་བཤད་བྱས། རྒྱལ་ཁབ་ཁག་གི་ཆེ་ཆུང་དང་དྲག་ཞན། སྤྱི་ཚོགས་ཀྱི་ལམ་ལུགས་བཅས་གང་ཞིག་ཡིན་རུང་ཚང་མར་འདྲ་མཉམ་ངང་མི་ཐབས་རིག་ནུས་འཕེལ་རྒྱས་དང་བེད་སྤྱོད་གཏོང་བའི་དབང་ཆ་ཡོད། འདིས་གོ་ལ་ཧྲིལ་བོའི་མི་ཐབས་རིག་ནུས་བཅོས་སྐྱོང་ལ་ཀྲུང་གོའི་ཇུས་གཞི་དང་འདུ་ཤེས་གསར་པ་འདོན་སྤྲོད་བྱས།  མིག་སྔར་ནུབ་ཕྱོགས་རྒྱལ་ཁབ་ཁ་ཤས་ཀྱིས་ཉིང་ལྷེབ་ཕྱིར་གཏོང་བཀག་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་གཞན་དག་གི་མི་ཐབས་རིག་ནུས་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བའི་རྒྱབ་ལྗོངས་འོག རྒྱལ་སྤྱིའི་ཐུན་མོང་གི་ངོས་འཛིན་གཅིག་ཏུ་འདུས་པའི་གྲོས་མགོ་དེས་གོ་ལ་ཧྲིལ་པོའི་གྲངས་འཛིན་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན།

ཁེན་ནི་ཡའི་ཙུང་ཐུང་ལུའུ་ཐུའོ་ཡིས་རྒྱུད་གཅིག་ལམ་གཅིག་གི་སྒྲོམ་གཞིའི་འོག་གི་མཉམ་ལས་ཀྱིས་ཨ་ཧྥེ་རི་ཁ་གླིང་གི་དཔལ་འབྱོར་གྱི་གསོན་ཤུགས་སྔར་བས་ཆེ་རུ་གཏོང་ཐུབ་པའི་ངོས་འཛིན་གནང་།  གྲངས་འཛིན་དཔལ་འབྱོར་དང་གྲངས་འཛིན་ལག་རྩལ་གྱིས་དུས་རབས་འཕེལ་རྒྱས་ཀྱི་ཁ་ཕྱོགས་མཚོན་པ་མ་ཟད། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་ཐུབ་མིན་དང་ཡང་འབྲེལ་བ་ཡོད་པའི་ངོས་འཛིན་གནང་།

སྤུས་ཚད་མཐོན་པོས་རྒྱུད་གཅིག་ལམ་གཅིག་མཉམ་དུ་བསྐྲུན་པའི་ལོ་གསར་པ་བཅུ་མགོ་བརྩམས་པ་དང་། ཀྲུང་གོས་མུ་མཐུད་དུ་གྲངས་འཛིན་ལག་རྩལ་གསར་གཏོད་དང་མཉམ་སྐྱོད་ལ་སྐུལ་འདེད་གཏོང་རྒྱུ་དང་། མཉམ་སྐྲུན་རྒྱལ་ཁབ་ཀྱི་གྲངས་འཛིན་དར་གོས་ཚོང་ལམ་བརྒྱུད། ཐུན་མོང་ཐོག་དེང་རབས་ཅན་མངོན་འགྱུར་ཡོང་བ་བྱ་རྒྱུ་རེད།  །

 
རྩོམ་སྒྲིག་པ། : 才让东珠