ཀྲུང་གོ་བོད་ཀྱི་དྲ་བ།

ལོ་ངོ10ཡི་གཏམ་བཤད་འདིས་གནད་འགག་གི་ཆ་འཕྲིན་འདི་དག་བརྒྱུད་སྤྲོད་བྱས་ཡོད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-10-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2013ལོའི་ཟླ9པར་ཧ་སག་སི་ཐན་གྱི་ན་ཀྲ་ཨར་པ་ཡེ་ཧྥུའུ་སློབ་ཆེན་དུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྩེ་བ་ཟབ་མོས། ངའི་ཕ་ཡུལ་ཧྲའན་ཞི་ནི་གནའ་བོའི་དར་གོས་ཚོང་ལམ་གྱི་མགོ་རྩོམ་སར་གནས། ལོ་རྒྱུས་ལ་ཕྱིར་མིག་བལྟས་ན། ངས་རྔ་མོང་གི་སྐེ་ལ་བཏགས་པའི་དྲིལ་ཆུང་གི་བྲག་ཅ་ཐོས་ཡོང་ལ། མཐོང་ལམ་དུ་བྱེ་མའི་ཐང་གི་དུ་བ་དཀར་པོ་མངོན་ཡོང་།

ཟླ10པར་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཚོགས་སུ་ཁོང་གིས་ལོ་ངོ་བརྒྱ་ཕྲག་དུ་མའི་རིང་། རྒྱང་རིང་མཐའ་ཡས་པའི་རྒྱ་མཚོ་ཆེན་པོ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་འགྲོ་འོང་གི་འགོག་རྐྱེན་དུ་གྱུར་མེད་པ་མ་ཟད། དེ་ལས་ལྡོག་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་འབྲེལ་མཐུད་གྱི་ཐག་པར་གྱུར་ཡོད། རྒྱལ་ཁབ་གཉིས་པོའི་ཚོང་འགྲུལ་གྲུ་གཟིངས་འགྲོ་འོང་གི་ཁྲོད་དུ། ཕན་ཚུན་ཚོང་ཟོག་བརྗེ་རེས་དང་མཛའ་བརྩེ་སྤེལ་རེས་བྱེད་ཀྱིན་ཡོད་ཅེས་གསུངས།

ལོ་ངོ10ཡི་རིང་། དྲོ་ཁོལ་མོད་པའི་ཁ་བརྡ་དེ་དག་འཛམ་གླིང་གི་རྒྱལ་ཁབ3/4ལས་བརྒལ་བར་ཁྱབ་ཅིང་། མིང་གཅིག་དང་གྲོས་མགོ་གཅིག མཉམ་ལས་སྟེགས་བུ་གཅིག་སྟེ། རྒྱུད་གཅིག་ལམ་གཅིག་ཏུ་གྱུར།

2023ལོའི་ཟླ10པའི་ཚེས18ཉིན། སྐབས་གསུམ་པའི་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་དེ་པེ་ཅིན་དུ་མགོ་ཚུགས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁ་བྱང་དུ། སྒོ་འབྱེད་ཁོང་ཡངས་དང་། མཉམ་འབྲེལ་མཉམ་མཐུད། ཐུན་མོང་འཕེལ་རྒྱས་ཀྱི་འཛམ་གླིང་བསྐྲུན་པ་ཞེས་ཁོད་པའི་བརྗོད་དོན་གསུང་བཤད་གནང་།

ལོ་ངོ10བརྒལ་བའི་གཏམ་བཤད་ལས་གནད་འགག་གི་ཆ་འཕྲིན་གང་དག་ཅིག་བརྒྱུད་སྤྲོད་བྱས་ཡོད་དམ།

2017ལོའི་ཟླ1པོར། སུར་ཙེའི་གྲོང་རྡལ་ཏ་ཝོ་སི་རུ། རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་དེ་འཛམ་གླིང་སྐྱེ་འགྲོ་ཀུན་གྱི་སྤྱན་ལམ་དུ་བསྟར།

གླེང་སྟེགས་འདི་གཉེར་དོན་གང་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིག་སྔའི་འཛམ་གླིང་དང་ས་ཁོངས་དཔལ་འབྱོར་ལ་ཕྲད་པའི་གནད་དོན་ཐག་གཅོད་བྱ་ཆེད་ཇུས་གཞི་འཚོལ་བ་དང་། མཉམ་འགུལ་རྣམ་པའི་འཕེལ་རྒྱས་མངོན་འགྱུར་ཡོང་ཆེད་ནུས་ཤུགས་གསར་པ་བསྣན་ནས། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱིས་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་སྔར་བས་ཆེ་བ་སྐྲུན་པའི་ཆེད་ཡིན་ཞེས་གསུངས།

ཁ་བྱང་དུ་སྐབས་དང་པོའམ་ཐེངས་དང་པོ་ཞེས་བཏགས་མེད་པ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུངས་པ་ཇི་བཞིན། ང་ཚོས་མ་གཞི་གླེང་སྟེགས་སྐབས་གཉིས་པ་འཚོག་རྒྱུའི་གཏན་འཁེལ་མེད་མོད། འོན་ཀྱང་ད་དུང་མཇུག་བསྡུ་མི་ཐུབ་པ་འདྲ། འབྱུང་འགྱུར་ད་དུང་མུ་མཐུད་གཉེར་རྒྱུ་ཡིན། དེའི་ཐོག་ནས་རྒྱུད་གཅིག་ལམ་གཅིག་ཉིན་བཞིན་མི་སེམས་སུ་ཟུག་བཞིན་པ་མཚོན་ཐུབ།

ད་ཆ་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་སླེབས་སྐབས། རྒྱལ་ཁབ151དང་རྒྱལ་སྤྱིའི་རྩ་འཛུགས41གི་འཐུས་མི་མཉམ་དུ་འཛོམས་ནས་ཚོགས་འདུ་གཟབ་རྒྱས་འཚོགས་པ་དང་། ལོ་བཅུའི་རིང་གི་རྒྱུད་གཅིག་ལམ་གཅིག་གི་གྲོས་མགོ་བརྒྱུད་དེ། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་བཞི་ཆ་གསུམ་ལས་བརྒལ་བའི་ཡིད་དབང་བཀུགས་ཤིང་། དེའི་ནང་ཞུགས་ཡོད་ཅིང་། ཨ་སྒོར་དུང་ཕྱུར་ཁྲི་ལ་ཉེ་བའི་མ་དངུལ་བཞག་པ། མཉམ་ལས་རྣམ་གྲངས3000ལྷག་གྲུབ་པ། མཉམ་སྐྲུན་རྒྱལ་ཁབ་ལ་ལས་གནས་ཁྲི42བསྐྲུན་པ། མི་ཁྲི4000དབུལ་ཕོངས་ལས་ཐར་བར་སྐུལ་ཁྲིད་བྱས།

ངེས་བ་དོན་གྱི་ལྗིད་ཏིག་ཏིག་གི་གྲུབ་འབྲས་མདུན་དུ། ཐེངས་འདིའི་མཐོ་རིམ་གླེང་སྟེགས་ཀྱི་དགའ་བསུའི་གསོལ་སྟོན་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེངས་མང་པོར་གསུངས་རྒྱུ་ཞིག་ནི་འཛུགས་སྐྲུན་པ་དང་དེར་ཞུགས་མཁན་རྣམས་བལྟས་ཚོད་ལ་ལས་སླ་པོར་སྣང་ཡང་དོན་དུ་དཀའ་ཚེགས་ཆེན་པོ་བྱུང་བའི་སྐོར་རེད།

དྲོད་ཚད་ཀླད་ཀོར་འོག་གི་ཏུའུ40ལྷག་གི་ཝུའུ་ཙི་པིའེ་ཁེ་སི་ཐན་དུ། ཁོ་ཚོས་དུས་ཐུང་ལོ3གྱི་ནང་ཁ་མུའུ་ཆི་ཁེའི་ཕུག་ལམ་ཤར་གཏོང་ཐུབ་པ་དང་། དེ་ནི་ལས་ཡུན་ལོ22ཇེ་ཐུང་དུ་བཏང་། སེ་ནེ་ཀལ་དུ་ས་རིམ31དྲུས་ནས་ཁྲོན་པ་འདྲུ་རྒྱུ་ལེགས་གྲུབ་བྱུང་རྗེས། ཁོ་ཚོ་ཆེད་མངགས་དེ་གར་བསྡད་དེ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཏེ་ས་ཆ་མང་བའི་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་པ་དང་། ཀྲུང་གོ་དང་ལོ་སེའི་ཁུན་ཝན་ལྕགས་ལམ་བཟོ་སྐྲུན་གྱི་མཇུག་བསྡུ་བའི་དུས་རིམ་དུ། སླར་ཡང་ལོས་སེ་ལྕགས་ལམ་ལས་རིགས་ལག་རྩལ་སློབ་གླིང་འཛུགས་སྐྲུན་བྱེད་གྲོགས་བྱས་པ་དང་། ཁག་བགོས་ནས་དགེ་རྒན་མངགས་ཏེ་སློབ་གསོའི་རོགས་སྐྱོར་བྱས།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་དགའ་བསུ་ཞུ་བའི་གསོལ་སྟོན་ཐོག གྲུབ་འབྲས་དེ་དག་ནི་གནམ་ནས་ལྷུང་བ་མིན་ལ་མི་སུ་ཞིག་གིས་བྱིན་པའང་མིན་པར། རྒྱལ་ཁབ་ཁག་གི་སྲིད་གཞུང་དང་ཁེ་ལས། མི་དམངས་བཅས་ཀྱི་བརྩོན་འགྲུས་དང་བློ་གྲོས། བློ་སྟོབས་བཅས་ལ་བརྟེན་ནས་ཐོབ་པ་རེད། ང་ཚོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ནང་ཞུགས་མཁན་དང་འཛུགས་སྐྲུན་པ་ཡོངས་ལ་གུས་འདུད་ཞུ་ཞེས་གསུངས།

ཚེས17ཉིན་ནས་ཚེས20ཉིན་བར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་རྒྱལ་ཁབ་ཀྱི་གཙོ་བདག་དང་། སྲིད་གཞུང་གི་མགོ་གཙོ། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་བཅས་མི26དང་མཇལ་ཕྲད་གནང་། གྲོགས་པོ་དང་རོགས་ཟླ། སྤུན་ཟླ་ཞེས་ཧ་ལམ་གླེང་མོལ་གནང་ཐེངས་རེར་ཐ་སྙད་འདི་དག་ཐོན་ཡོང་།

མཛའ་བརྩེ་ལ་གཅེས་སྤྲས་དང་། མཛའ་མཐུན་གྱི་མཉམ་ལས་ནི་ཀྲུང་གོ་དང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་རྒྱལ་ཁབ་དག་ལ་ལོ་ངོ་བཅུའི་རིང་ཐོབ་པའི་རྩ་ཆེའི་ཉམས་མྱོང་རེད་ཅེས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཐོ་རིམ་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོའི་གཏམ་བཤད་ནང་འདི་ལྟར་ཕྱོགས་སྡོམ་གནང་།

ཀྲུང་གོས་བཏོན་པའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་མགོས་རྒྱལ་ཁབ་ཁག་གི་མཛའ་གྲོགས་འགྲོ་འོང་ཐད་སྐར་ཁུང་གསར་པ་ཞིག་བཏོད་པ་དང་། འཛམ་གླིང་གིས་ཚོང་དོན་འགྲོ་འོང་སྔར་བས་དམ་ཟབ་དང་། རིག་གནས་སྤེལ་རེས་མང་བོའི་ཁྲོད། ཕན་ཚུན་ཤེས་རྟོགས་དང་ཕན་ཚུན་སྣོལ་འདྲེས། མཐུན་སྒྲིལ་མཉམ་རྒྱས་བཅས་ཀྱི་ཞི་མཐུན་མཛེས་སྡུག་ཅིག་མངོན་པར་བྱས། །

 
རྩོམ་སྒྲིག་པ། : 才让东珠