ཀྲུང་གོ་བོད་ཀྱི་དྲ་བ།

​ཡ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་སྟེ་མཐུན་སྒྲིལ་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-10-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 “ཀྲུང་གོའི་ཁྱད་ཆོས་ལྡན་ལ། ཨེ་ཤེ་ཡའི་ཉམས་འགྱུར་མངོན། མཚར་སྡུག་འོད་སྟོང་འབར”བའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་དེ་ཚེས8ཉིན་གྱི་དགོང་མོར། ཧང་ཀྲོའུ་ཨོ་རྩལ་ལྟེ་གནས་སུ་བདེ་བླག་ངང་མཇུག་སྒྲིལ། རྒྱལ་ཁབ་མང་པོའི་མི་སྣས་མཇུག་བསྡུ་མཛད་སྒོའི་ཐོག་ཧང་ཀྲོའུ་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ཀྱི“ལྗང་མདོག རིག་ནུས། གྲོན་ཆུང་། ཤེས་དཔལ”བཅས་ཀྱི་འགྲན་བསྡུར་གཉེར་སྐྱོང་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ཚན་རྩལ་དང་སྒྱུ་རྩལ་གྱི་མཛེས་པ་ཟུང་དུ་སྦྲེལ་པས་མི་རྣམས་ལ་བརྗེད་པར་དཀའ་བའི་བག་ཆགས་བཞག་ཅེས་བསྟན་པ་དང་། ཁོ་ཚོས་དུས་མཚུངས་སུ་ཧང་ཀྲོའུ་ཡ་གླིང་ལུས་རྩལ་འགྲན་ཚོགས་དེ་རིག་གནས་སྤེལ་རེས་དང་། ཕན་ཚུན་བསམ་ཤེས། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་པར་གསོན་ཤུགས་གསར་པ་བསྣན་ཞེས་བཤད།

ལྷོ་ཁོ་རེ་ཡའི་ཧྲོའར་སྨྱན་སྦྱོར་སློབ་སློབ་ཆེན་གྱི་གདན་ཞུའི་དགེ་རྒན་ཆེན་མོ་ཆོན་ཆི་ཀྲི་ཡིས་མཇུག་སྒྲིལ་མཛད་སྒོའི་ཐད་གཏོང་ལ་གཟིགས་རྗེས་བསྔགས་བརྗོད་ཡང་ཡང་བྱས་ཤིང་། དེ་ནི་ཀྲུང་གོའི་གཏམ་རྒྱུད་དང་། ཨེ་ཤེ་ཡའི་བརྩེ་མདངས། འོད་གློག་བརྙན་རིས་བཅས་ཕན་ཚུན་མཉམ་དུ་འདྲེས་པའི་ཕུལ་བྱུང་བརྩམས་ཆོས་ཤིག་རེད། ཁོང་གིས་ད་དུང་མེ་ཏོག་ཀུའེ་ཧྭ19ལུས་རྩལ་ར་བའི་དཀྱིལ་དབྱིངས་སུ་དལ་བུར་འཕགས་པ་དེས། སྐབས19པའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་མཛེས་སྡུག་ལྡན་པའི་ཕྱིར་དྲན་མང་པོ་རྒྱུན་བསྲིངས་པ་མཚོན་ཞེས་གསུངས།

སོ་ཏི་ཨ་རབ་རྒྱལ་སྤྱིའི་གནད་དོན་གྱི་ཆེད་མཁས་པ་ཧྲ་པ་ཉི་ཡིས་བཤད་རྒྱུར། ཧང་ཀྲོའུ་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ཀྱི་མཇུག་སྒྲིལ་མཛད་སྒོ་ནི་ཕྲ་ཆུང་མིག་གི་རྒྱས་སྟོན་ཞིག་རེད་ཅེས་དང་། ད་དུང་མེ་ཏོག་པད་མ་སོགས་ལ་ཀྲུང་གོའི་ཁྱད་ཆོས་ཟབ་མོ་ལྡན་ཞིང་། ཀྲུང་གོའི་འབྲི་ཆུའི་ལྷོ་རྒྱུད་ཀྱི་མཛེས་ལྗོངས་དེ་ལུས་རྩལ་ར་བ་ལས་འཛམ་གླིང་ཡོངས་ཀྱི་ལྟད་མོ་བའི་སྤྱན་སྔར་བསྟན་ཡོད།

མ་ལེ་ཞི་ཡའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་གྲོས་དཔོན་ཙོ་ཧ་ལི་ཡིས་གསར་འགོད་པར་བཤད་རྒྱུར། ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་བརྒྱུད། ཀྲུང་གོས་འཛམ་གླིང་ལ་ཆ་འཕྲིན་ཞིག་སྤྲད་ཡོད་པ་ནི། ང་ཚོ་ཨེ་ཤེ་ཡའི་མི་དམངས་ཀྱིས་བློ་སྤོབས་ཆེན་པོས་མདུན་དུ་སྐྱོད་དེ་འཛམ་གླིང་ལ་འགྲེམས་སྟོན་དང་འབྱུང་འགྱུར་ལ་ཁ་ཕྱོགས་པར་ང་ཚོ་ཨེ་ཤེ་ཡའི་མི་དམངས་ཀྱིས་གྲ་སྒྲིག་བྱས་ཚར་ཡོད་པ་དེ་ཡིན།

མཇུག་སྒྲིལ་མཛད་སྒོའི་གར་སྟེགས་ཐོག འཛམ་གླིང་ཐོག་གི་གྲངས་འཛིན་སྔོ་ཁེབས་ཐོག་མས་མི་རྣམས་ཀྱི་ཡིད་དབང་འཕྲོགས། གློག་འོད་འཕྲོ་ས་ཁྲི4ཙམ་ཡོད་པའི་སྔོ་ཁེབས་ལས་མེ་ཏོག་དང་རྦ་རླབས་སོགས་ཀྱི་རི་མོ་ཟམ་མི་ཆད་པར་འཆར་བ་དང་། འགྲན་རའི་ཕྱི་ནང་གི་ལྟད་མོ་བ་རྣམས་མེ་ཏོག་ལྡུམ་ར་ཆེན་པོ་ཞིག་གི་ནང་སླེབས་པ་ལྟ་བུའི་ཚོར་བ་བྱིན། མགོ་རྩོམ་མཛད་སྒོའི་ཐོག་མི་རྣམས་ལ་ཧ་ལས་སུ་བཅུག་པའི་གྲངས་གཞི་དཔལ་འབར་འཁྱེར་མཁན་དེ་མཇུག་སྒྲིལ་མཛད་སྒོའི་ཐོག་ཡང་བསྐྱར་ཐོན་པ་དང་། ལྟད་མོ་བ་དང་མཉམ་དུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་གཟིམ་པ་མཐོང་།

《ཧ་སག་སི་ཐན་ཚགས་པར》གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཁེའར་རུའུ་མུའུ་པ་ཡེ་ཧྥུའུ་ཡིས་བསྟན་དོན། ཚན་རྩལ་གྱི་ཚོར་སྣང་དང་དྲོ་སྐྱིད་ལྡན་པའི་བརྙན་རིས་ཀྱིས་ཕྱུག་པའི་མཇུག་སྒྲིལ་མཛད་སྒོས། སྐབས་འདིའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་མཇུག་ཡག་པོ་བསྡུས་ཞེས་དང་། ‘མེ་ཏོག་པདྨ་དང་ཀུའེ་ཧྭ་མེ་ཏོག་མཉམ་བཞད’ཅེས་པའི་ལེ་ཚན་དེས་ང་རང་ཧ་ལས་སུ་བཅུག གྲངས་འཛིན་དཔལ་འབར་འཁྱེར་མཁན་ཡང་གར་སྟེགས་ཐོག་འཛེགས་ཏེ་ལྟད་མོ་བ་དང་དགའ་སྤྲོའི་ངང་སྤེལ་རེས་བྱས། ཧང་ཀྲུའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་དེ་སྤྲོ་སྣང་དང་ཞི་མཐུན། བརྗེད་པར་དཀའ་བའི་རྣམ་པའི་འོག་བདེ་བླག་ངང་མཇུག་སྒྲིལ།

འཛམ་གླིང་སྐྱེ་བོ་ཀུན་གྱི་དོ་སྣང་བྱ་ཡུལ་དུ་གྱུར་བའི་ལུས་རྩལ་རྒྱས་འཛོམས་དེའི་ཐོག གསར་གཏོད་ལ་བརྟེན་ནས་རོགས་འདེགས་དང་། ཚན་རྩལ་གྱི་ནུས་པ་བསྩལ་ཏེ། ཀྲུང་གོས་ཨེ་ཤེ་ཡ་དང་འཛམ་གླིང་ལ་ཚན་རྩལ་དང་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ལ་མཐོང་ཆེན་བྱེད་ལུགས་གསལ་བཤད་བྱས། རྒྱ་གར་གྱི་གསར་འགོད་པ་ཏི་ཕན་ཁེ་ཨེར་གྱིས་ང་ཚོ་གོ་ལ་གཅིག་ཏུ་གནས་པས་ངེས་པར་དུ་ཐུན་མོང་ཐོག་གོ་ལ་འདིར་སྲུང་སྐྱོང་ཡག་པོ་བྱེད་དགོས། ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་མིག་དཔེ་ཡག་པོ་ཞིག་བསྟན་ཡོད་ཅེས་བཤད།

མགོ་ཚུགས་མཛད་སྒོ་ནས་མཇུག་སྒྲིལ་མཛད་སྒོའི་བར། ཧྥི་ལི་ཕིན་གྱི“ཨེ་ཤེ་ཡའི་དུས་རབས”འཐབ་ཇུས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ཨན་ན་ཡིས་ཀྲུང་གོས་རང་བྱུང་ཐོན་ཁུངས་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་བ་མིག་གིས་མཐོང་། ཨན་ན་ཡིས་ཧང་ཀྲོའུ་ཡི་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ཐོག་མངོན་པའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་འདུ་ཤེས་དང་ལག་ལེན་གྱིས་འཛམ་གླིང་ལ་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་བསྐྱར་སྐྱེས་ནུས་རྒྱུ་དང་ཁོར་ཡུག་སྲུང་སྐྱོང་གི་ལག་རྩལ་ཁྱབ་ཁོངས་ལ་ཤུགས་བསྣན་པ་དང་འབྲེལ་ཕན་འབྲས་དངོས་ཡང་ཐོན་ཡོད། ཀྲུང་གོས་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་བ་སླར་ཡང་གསལ་བཤད་བྱས་ཡོད་ཅེས་བཤད།

ཐེ་ལན་དབྱི་སན་ཚང་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཨན་ནེ·ཡུན་པ་ཡུང་གིས་འདི་ལྟར་བཤད་རྒྱུར། འདི་ནི་ལུས་རྩལ་འགྲན་སྟེགས་ཤིག་ཡིན་ལ་དེ་བས་ཀྱང་མཛའ་མཐུན་གྱི་འབྲེལ་ཐག་ཅིག་ཀྱང་རེད། ཨེ་ཤེ་ཡའི་ལུས་རྩལ་པ་ཚོས་ལུས་རྩལ་འགྲན་རར་དཔུང་བ་གཤིབས་ནས་འགྲན་ཞིང་། ཐུན་མོང་ཐོག་འབད་བརྩོན་བྱེད། འཛམ་གླིང་ལ་ཨེ་ཤེ་ཡའི་མི་དམངས་ཀྱི་འཇོན་ཐང་དང་འབད་འཐབ་ཀྱི་སྙིང་སྟོབས་མངོན་ཡོད།

ཕ་ཁི་སི་ཐན་ཡོ་རོབ་དང་ཨེ་ཤེ་ཡ་དུས་རབས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཐ་ཁ་ཨེར་ཝུའེ་ཡིས་ཧང་ཀྲུའུ་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་རིང་བཙུགས་པའི་ཨེ་ཤེ་ཡའི་མི་དམངས་བར་གྱི་མཛའ་བརྩེ་དང་མཉམ་ལས་ཀྱི་སྙིང་སྟོབས་ལས། དེའི་ཤུགས་རྐྱེན་དེ་ལུས་རྩལ་འགྲན་བསྡུར་ཁོ་ན་ཙམ་མིན་ཞེས་དང་། སྐབས་འདིའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱིས་ཨེ་ཤེ་ཡ་རུ་འབྲེལ་འདྲིས་དང་མཉམ་ལས་ཀྱི་འབྲེལ་ཟམ་གསར་པ་འཛུགས་ཐུབ་པའི་ངོས་འཛིན་གནང་།

ཁམ་ཕུའུ་ཁྲེ་ཡི་དབུ་བཞུགས་བློན་ཆེན་གྱི་བློ་འདྲི་པའོ་སུའོ་ཡིས་བཤད་རྒྱུར། ཧང་ཀྲུའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱིས་ཨོ་རྩལ་གྱི་སྙིང་སྟོབས་དར་སྤེལ་བཏང་བ་མ་ཟད། ད་དུང་ཨེ་ཤེ་ཡའི་མི་དམངས་བར་གྱི་མཛའ་མཐུན་དང་མཐུན་སྒྲིལ། མཉམ་ལས་བཅས་ལ་སྐུལ་འདེད་བཏང་། ཧང་ཀྲུའུ་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་ཐོག་མཛའ་མཐུན་དང་མཐུན་སྒྲིལ། མཉམ་ལས་བཅས་ཀྱི་མཛེས་སྡུག་ལྡན་པའི་རྣམ་པ་མངོན་པ་དང་། ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་། ཨེ་ཤེ་ཡའི་མི་དམངས་ཀྱི་མཐུན་སྒྲིལ་ལ་ཤུགས་སྣོན་པ་ནི་རིག་གནས་སྤེལ་རེས་དང་ཕན་ཚུན་བསམ་ཤེས། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད་པས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་པར་གསོན་ཤུགས་གསར་པ་བསྣན་ཡོད། །

 
རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།