ཀྲུང་གོ་བོད་ཀྱི་དྲ་བ།

ཕྱོགས་མང་པོས་ཕ་ལི་སི་ཐན་དང་དབྱི་སི་རལ་འགལ་འཁྲུག་ཕྱོགས་གཉིས་པོས་བྱ་སྤྱོད་ལ་ཚོད་འཛིན་བྱེད་དགོས་པར་འབོད་སྐུལ་བཏང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱོགས་མང་པོས་ཕ་ལི་སི་ཐན་དང་དབྱི་སི་རལ་འགལ་འཁྲུག་ཕྱོགས་གཉིས་པོས་བྱ་སྤྱོད་ལ་ཚོད་འཛིན་བྱེད་དགོས་པར་འབོད་སྐུལ་བཏང་། ཨ་རབ་འཛམ་གླིང་གིས་དུས་བབ་འཕེལ་རིམ་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད།

ཕ་ལི་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ(ཧ་མ་སི)གྱིས་ས་གནས་དེ་གའི་དུས་ཚོད་ཚེས7ཉིན། དབྱི་སི་རལ་ལ་དམག་དོན་འགུལ་སྤྱོད་སྤེལ་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། མེ་ཤུགས་འཕུར་མདའ་སྟོང་ཕྲག་ཁ་ཤས་འཕངས་པ་མ་ཟད། དྲག་ཆས་མི་སྣ་ད་དུང་དབྱི་སི་རལ་གྱི་མངའ་ཁོངས་སུ་འཛུལ་ནས་དབྱི་སི་རལ་གྱི་དམག་མི་དང་དབྱེན་གྱི་སྦྱོར་བ་བརྩམས། དབྱི་སི་རལ་གྱི་དམག་དཔུང་གིས་ཀ་ཧྲ་ས་ཁུལ་ལ་མཁའ་རྒོལ་ཐེངས་མང་བྱས་ཏེ་སྐྱིན་ལན་བསློགས། དམག་འཁྲུག་བྱུང་རྗེས། ས་ཁུལ་དང་རྒྱལ་ཁབ་མང་པོས་འགལ་འཁྲུག་ཕྱོགས་གཉིས་ཀས་བཟོད་སྒོམ་བྱེད་དགོས་པའི་འབོད་སྐུལ་ཡང་ཡང་བཏང་།

ཕ་ལི་སི་ཐན་དང་དབྱི་སི་རལ་གྱི་རེས་སྐོར་གསར་པའི་འགལ་འཁྲུག་བྱུང་རྗེས། ཨ་རབ་འཛམ་གླིང་གིས་གཅིག་བསྡུ་ཐོག་གསལ་བསྒྲགས་མང་པོ་སྤེལ། ཨར་ཅི་ལི་ཡ་སོགས་ཨ་རབ་རྒྱལ་ཁབ་ཁག་ཅིག་གིས་དབྱི་སི་རལ་ལ་རྒོལ་གཏམ་བཏང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགན་འཁྲི་ཁུར་ནས་ཕ་ལི་སི་ཐན་གྱི་མི་དམངས་ལ་སྲུང་སྐྱོང་བྱ་དགོས་པའི་འབོད་སྐུལ་བྱས་པ་མ་ཟད། དབྱི་སི་རལ་གྱིས་ཕ་ལི་སི་ཐན་གྱི་མངའ་ཁོངས་བཙན་བཟུང་བྱས་པ་དེ་ནི་ཕ་ལི་སི་ཐན་དང་དབྱི་སི་རལ་བར་དམག་འཁྲུག་བྱུང་བའི་རྒྱུ་གཙོ་བོ་ཡིན་ལ། ཕ་ལི་སི་ཐན་མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱ་དགོས་ཞེས་ནན་བཤད་ཀྱང་བྱས་ཡོད། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོས་དབྱི་སི་རལ་གྱིས་ཕ་ལི་སི་ཐན་ཀ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་འཕྲལ་མར་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་ཡིས་ཧྥ་རན་སིའི་ཙུང་ཐུང་མ་ཁེ་ལུང་དང་ཁ་པར་རྒྱག་སྐབས། ཕ་ལི་སི་ཐན་དང་དབྱི་སི་རལ་གྱི་དུས་བབ་ཇེ་སྡུག་ཏུ་ཕྱིན་པ་དང་དྲག་སྤྱོད་འཁོར་རྒྱུག་གི་ཉེན་ཁའི་གནས་སུ་གྱར་ནས་ས་ཁུལ་གྱི་བརྟན་ལྷིང་དང་བདེ་འཇགས་ལ་འཇིགས་སྐུལ་བཟོ་བཞིན་པའི་དྲན་སྐུལ་བྱས། ཅོར་ཏན་གྱི་རྒྱལ་པོ་ཨ་པུའུ་ཏུའུ་ལ་སྐུ་ཕྲེང་གཉིས་པས། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ལ་རྒྱབ་སྐྱོར་བྱེད་པའི་རྨང་གཞིའི་ཐོག ཞི་བདེའི་ཕྱི་འབྲེལ་ངོ་མ་ཞིག་བཙལ་ནས་ཕ་ལི་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐག་གཅོད་རྒྱུའི་གལ་ཆེའི་རང་བཞིན་ནན་བཤད་བྱས།

སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་པུའུ་ཡིས་གསལ་བསྒྲགས་སྤེལ་དོན། ཕ་ལི་སི་ཐན་དང་དབྱི་སི་རལ་གྱི་དྲག་སྤྱོད་དོན་རྐྱེན་དང་དམག་འཁྲུག་གནས་བབ་ཀྱི་འཕེལ་རིམ་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ཞེས་བཤད། སོ་ཏི་ཨ་རབ་ཀྱིས་ད་དུང་ཕྱོགས་གཉིས་ཀྱིས་མྱུར་དུ་གནས་བབ་རིམ་འཕར་ལ་བཀག་འགོག་དང་མི་སེར་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཕ་ལི་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ལ་རྒྱ་ཁྱབ་ངང་རྒྱབ་སྐྱོར་བྱས་ཡོད། དེའང1967ལོའི་དབུས་ཤར་ས་ཁུལ་གྱི་དམག་འཁྲུག་ཐེངས་གསུམ་པ་མ་རྒྱབ་གོང་གི་ས་མཚམས་རྨང་གཞིར་དང་། ཅེབ་རུ་ས་ལམ་ཤར་མ་རྒྱལ་ས་དང་། རང་བཙན་གྱི་བདག་དབང་ཡོད་པའི་ཕ་ལི་སི་ཐན་རྒྱལ་ཁབ་འཛུགས་རྒྱུ་དེ་རེད། ལོ30ལྷག་གི་རིང་ཕྱོགས་མང་པོས་ཕ་ལི་སི་ཐན་དང་དབྱི་སི་རལ་གྱིས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི་རྨང་གཞིའི་ཐོག་ཕྱོགས་ཡོངས་ནས་ཞི་བདེ་ཡོང་བར་སྐུལ་འདེད་བཏང་། འོན་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྦྱོར་ཧུར་ཐག་བྱས་ཀྱང་ཕ་ལི་སི་ཐན་དང་དབྱི་སི་རལ་ཞི་བའི་གྲོས་མོལ་གྱི་འཕེལ་རིམ་ལ་ལོ་མང་རིང་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་མ་བྱུང་།

1993ལོའི་ཟླ9པར་ཕ་ལི་སི་ཐན་དང་དབྱི་སི་རལ་གྱིས་ཨ་རིའི་རྒྱལ་ས་ཝ་ཧྲིང་ཐོན་དུ《ཨོ་སི་ལུའུ་གྲོས་མཐུན》ལ་མིང་རྟགས་བཀོད་དེ། ཐོག་མའི་ཞི་བདེ་མངོན་འགྱུར་བྱེད་པར་དོན་དངོས་རང་བཞིན་གྱི་འགག་སྒྲོལ་གལ་ཆེན་བྱུང་བ་དང་། ཀ་ཧྲ་དང་ཅེ་ལི་ཁོ་གཉིས་སུ་ཚད་ཡོད་རང་སྐྱོང་ལག་བསྟར་བྱེད་པ་སོགས་ཀྱི་གནད་དོན་ཐད་རྩ་དོན་གྱི་གྲོས་མཐུན་བཞག ཕ་ལི་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་པོས་ཕན་ཚུན་ཁྲིམས་མཐུན་ཁེ་དབང་དང་ཆབ་སྲིད་ཁེ་དབང་ཁས་བླངས་པ་དང་། མཐར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཨང242པ་དང338པར་གཞིགས་ཏེ། ཕ་ལི་སི་ཐན་གྱི་གནད་དོན་དེ་ཡུན་རིང་རང་བཞིན་ལྡན་པའི་སྒོ་ནས་ཐག་གཅོད་བྱས།

1995ལོའི་ཟླ11པར། དབྱི་སི་རལ་གྱི་ཙུང་ལི་ཟུར་པ་ལ་པིན་ལྐོག་གསོད་བྱས་པ་དང་། ཕ་ལི་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེའི་འཕེལ་རིམ་ལ་བར་ཆད་ཐེབས།

2000ལོའི་ཟླ7པར། ཏའེ་ཝེ་དབྱིང་གྲོས་ཚོགས་འཚོགས་མོད། འོན་ཀྱང་དགེ་མཚན་ལྡན་པའི་འཕེལ་རྒྱས་མ་བྱུང་ད། ལོ་དེའི་ཟླ9པར་ཕ་ལི་སི་ཐན་དང་དབྱི་སི་རལ་བར་གཞི་ཁྱོན་ཆེ་བའི་འགལ་འཁྲུག་བྱུང་སྟེ་ཞི་བའི་གྲོས་མོལ་འཕེལ་མེད་སོར་གནས་སུ་ལུས།

2007ལོའི་ཟླ11པར། དབུས་ཤར་ས་ཁུལ་གྱི་གནད་དོན་དང་འབྲེལ་ཡོད་ཕྱོགས་བཞི་སོགས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འབད་བརྩོན་འོག ལོ7ལ་མཚམས་ཆད་པའི་ཕ་ལི་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་དེ་སླར་ཡང་མགོ་ཚུགས། འོན་ཀྱང2008ལོའི་ལོ་མཇུག་ཏུ་དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་ཀ་ཧྲ་ས་ཁུལ་ལ་མིང་རྟགས་ལ“ཞན་རྡུང་འགུལ་སྤྱོད”ཅེས་པའི་གཞི་ཁྱོན་ཆེ་བའི་དམག་དོན་རྡུང་རྡེག་བཏང་བ་དང་། ཕ་ལི་སི་ཐན་དང་དབྱི་སི་རལ་བར་གྱི་ཞི་བའི་གྲོས་མོལ་ཡང་བསྐྱར་མཚམས་ཆད།

2010ལོའི་ཟླ9པར་། ཕ་ལི་སི་ཐན་དང་དབྱི་སི་རལ་གྱིས་ཝ་ཧྲིང་ཐོན་དུ་ཡང་བསྐྱར་ཐད་ཀའི་གྲོས་མོལ་བྱེད་མགོ་བརྩམས་མོད། འོན་ཀྱང་གྲོས་མོལ་ཐེངས་གཉིས་ལས་མ་བྱས་པར། དབྱི་སི་རལ་གྱིས་ཅོར་ཏན་ཆུ་བོའི་ནུབ་འགྲམ་གྱི་ཡིའུ་ཐའེ་བའི་གཞིས་ཆགས་སར་འཛུགས་སྐྲུན་ཚད་བཀག་བྱེད་པའི་བཀའ་རྒྱ་རིང་དུ་གཏོང་རྒྱུ་ཁས་མ་བླངས་པའི་རྐྱེན་གྱིས་འཕེལ་མེད་སོར་གནས་སུ་ལུས།

2013ལོའི་ཟླ7པར། དབྱི་སི་རལ་དང་ཕ་ལི་སི་ཐན་གྱི་འཐུས་ཚབ་ཀྱིས་ཝ་ཧྲིང་ཐོན་དུ་ཞི་བདེའི་གྲོས་མོལ་སླར་གསོ་བྱས། འོན་ཀྱང་ཞི་བདེའི་གྲོས་མོལ་དེ2014ལོའི་ཟླ4པར་མཚམས་མི་འཇོག་ཀ་མེད་བྱུང་། དབྱི་སི་རལ་གྱིས་ཕ་ལི་སི་ཐན་གྱི་ནང་ཁུལ་འདུམ་འགྲིག་གིས་ཞི་བདེའི་གྲོས་མོལ་བཙན་གྱིས་མཚམས་འཇོག་ཏུ་བཅུག་པར་སྐྱོན་བརྗོད་བྱས་པ་དང་། ཕ་ལི་སི་ཐན་གྱིས་དབྱི་སི་རལ་གྱིས་ཞི་བདེ་ཡོང་བའི་གྲོས་མོལ་ལེགས་གྲུབ་ཡོང་བར་རེ་བ་ཕྲན་བུ་ཙམ་ཡང་སྦྱིན་མ་མྱོང་ཞེས་སྐྱོན་འཛུགས་བྱས།

2014ལོའི་ཟླ7པར། དབྱི་སི་རལ་གྱིས་ཡང་བསྐྱར་ཀ་ཧྲ་ས་ཁུལ་དུ་འགོག་སྲུང་རལ་གྲི་ཞེས་པའི་གཞི་ཁྱོན་ཆེ་བའི་དམག་དོན་འགུལ་སྤྱོད་སྤེལ།

2014ལོའི་ཟླ4པ་ནས་བཟུང་། ཕ་ལི་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེའི་གྲོས་མོལ་དེ་ཐོག་མཐའ་བར་གསུམ་དུ་འཕེལ་མེད་རང་སོར་ལུས་ཡོད། །

 
རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།