ཀྲུང་གོ་བོད་ཀྱི་དྲ་བ།

རྫོགས་ལྡན་གཟའ་འཁོར་ལས་ཀྲུང་གོའི་དཔལ་འབྱོར་གྱི་སྐྱེ་སྟོབས་མངོན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར8.26དང་བསྡུར་གཞིའི་ཚད་གཞི་དུས་མཚུངས་ལས71.3%འཕར་བ་དེ2019ལོ་ལས4.1%འཕར་བ་དང་། རྒྱལ་ནང་གི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར7534.3ཟིན་ནས་བསྡུར་གཞིའི་ཚད་གཞི་དུས་མཚུངས་ལས129.5%འཕར་བ་དེ2019ལོ་ལས1.5%འཕར། གློག་བརྙན་པ་སེའི་ཡོང་འབབ་སྒོར་དུང་ཕྱུར27.3ལས་བརྒལ། རྒྱལ་ཡོངས་ཀྱི་མེ་འཁོར་འགྲུལ་སྐྱེལ་ཚད་མི་ཐེངས་དུང་ཕྱུར1.6ལས་བརྒལ་བ་སོགས་ཀྱིས། མཇུག་སྒྲིལ་མ་ཐག་པའི་ཟླ་མཆོད་དང་རྒྱལ་སྟོན་གྱི་གུང་གསེང་རིང་ཀྲུང་གོའི་འཛད་སྤྱོད་ཁྲོམ་རའི་འཁྲུག་ཆ་མངོན་ཡོད། འཇར་མན་གྱིཧྥ་ལན་ཁི་ཧྥུའུ་ཚགས་པརགྱི་དྲ་ཚིགས་ཐོག་ཡུལ་སྐོར་གྱི་ཚ་རླབས་དེ་ཀྲུང་གོའི་དཔལ་འབྱོར་བསྐྱར་དར་གྱི་མཚོན་རྟགས་ཡིན་པར་བསྟན་ཡོད།

ཀྲུང་གོའི་མང་ཚོགས་ཀྱི་ངོས་ནས་བཤད་ན། རྒྱལ་སྟོན་དུས་ཆེན་ནི་ལོ་གཅིག་གི་ཆེས་གལ་ཆེ་བའི་དུས་ཆེན་ཞིག་རེད། མི་རྣམས་ཀྱིས་ཐོབ་དཀའ་བའི་གུང་གསེང་བེད་སྤྱད་ནས་ཡུལ་སྐོར་དང་ཉོ་སྒྲུབ་བྱེད་པར་གོམས་ཡོད་པས། རྒྱལ་སྟོན་དུས་ཆེན་ལ་ཡང་རྫོགས་ལྡན་གཟའ་འཁོར་ཞེས་འབོད། ད་ལོའི་རྒྱལ་སྟོན་དུས་ཆེན་ནི་ཀྲུང་གོའི་རིམས་འགོག་ཚོད་འཛིན་བརྟན་པོ་བྱུང་རྗེས་རོལ་བའི་རྒྱལ་སྟོན་གྱི་གུང་གསེང་ཐོག་མ་དེ་རེད། རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རའི་ལས་ཁུངས་ཀྱིས་དེའི་གོང་ཡོངས་ཁྱབ་ངང་སྔོན་དཔག་བྱས་པར། ཀྲུང་གོའི་དཔལ་འབྱོར་སླར་གསོའི་གོམ་སྟབས་ཇེ་མགྱོགས་སུ་ཕྱིན་པ་དང་བསྟུན་ནས། རྒྱལ་ནང་གི་འཛད་སྤྱོད་ཁྲོམ་རའི་ཚ་རླབས་འཕྱུར། འདས་ཟིན་པའི་ཉིན་བརྒྱད་ཀྱི་ནང་འཚང་ཁ་ཆེ་བའི་མེ་འཁོར་འབབས་ཚུགས་ནས་མི་ཚོགས་ཀྱིས་ཁེངས་པའི་མཛེས་ལྗོངས་ཁུལ་དང་། དེ་ནས་པ་སེ་གཅིག་ཀྱང་ཐོབ་དཀའ་བའི་འཁྲབ་སྟོན་ཁྲོམ་ར་སོགས་ལས་གོང་དུ་བརྗོད་པའི་སྣང་ཚུལ་དེ་ར་སྤྲོད་བྱས་ཡོད། སྨྱན་བྱད་ལས་ཁུངས་ཀྱིས་ད་ལོའི་རྒྱལ་སྟོན་ནི“ལོ་ལྔའི་རིང་ཆེས་འཁྲུག་ཆ་དོད་པའི་རྫོགས་ལྡན་གཟའ་འཁོར་ཞིག་རེད”ཅེས་བཤད།

ཚེས6ཉིན་ཀྲུང་གོའི་ཚོང་དོན་པུའུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་རྒྱལ་སྟོན་གྱི་གུང་གསེང་རིང་ཀྲུང་གོའི་འཛད་སྤྱོད་ཁྲོམ་རར་མི་གཡང་གིས་ཕྱུག་ཅིང་གསོན་ཤུགས་ཀྱིས་ཁེངས། ཚོང་བྲིན་ལ་མྱུར། སྦགས་མེད་དང་བདེ་ཐང་། རིག་ནུས་བཅས་ཀྱི་ཚོང་ཟོག་བྲིན་ཚོང་བྱེད་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན། དབྱེ་ཞིབ་བྱས་པར། གུང་གསེང་རིང་ཀྲུང་གོའི་འཛད་སྤྱོད་ཁྲོམ་རར་གསོན་ཤུགས་ཆེན་པོ་ལྡན་པའི་དོན་གཅིག་ནི། མི་རྣམས་རིམས་ནད་སྐབས་ཀྱི་འགྲོ་སྐྱོད་ཉོ་སྒྲུབ་ཀྱི་དགོས་མཁོ་ད་ལྟ་གང་ལེགས་སྐོང་ཐུབ་པ་དང་། དོན་གཞན་ཞིག་ནི་ཀྲུང་གོའི་རིམ་ཁག་སྲིད་གཞུང་གིས་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་འཛད་སྤྱོད་སླར་གསོ་དང་རྒྱ་ཆེར་བཏང་སྟེ། སྤྱི་ཚོགས་ཀྱི་འཛད་སྤྱོད་དགོས་མཁོ་ཆེ་རུ་ཕྱིན་པས་ཡིན།

ད་ལོའི་རྒྱལ་སྟོན་གྱི“རྫོགས་ལྡན་གཟའ་འཁོར”ལས་མངོན་པ་ནི་ཀྲུང་གོའི་དཔལ་འབྱོར་བརྟན་ཐོག་འཕར་བའི་བརྡ་རྟགས་གལ་ཆེན་ཞིག་རེད། མིག་སྔར་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཆུང་བ་དང་ཕྱི་རོལ་གྱི་ཁོར་ཡུག་སྔར་བས་རྙོག་འཛིང་ཆེ་ལ་ཛ་དྲག་ཡིན་མོད། འོན་ཀྱང་ཀྲུང་གོའི་དཔལ་འབྱོར་ལས་རྒྱུན་མཐུད་ངང་སླར་གསོ་བྱེད་པའི་ཁྲོད་མཉེན་ཤུགས་དང་གསོན་ཤུགས་མངོན། ད་ལོའི་ལོ་སྟོད་དུ་ཀྲུང་གོའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་གི་བསྡོམས་འབོར་དུས་མཚུངས་ལས5.5%འཕར་ཏེ། གོ་ལ་ཧྲིལ་པོའི་དཔལ་འབྱོར་དངོས་ཚན་གཙོ་བོའི་ཁྲོད་ཀྱི་སྔོན་ཐོན་རྒྱུན་འཁྱོངས་བྱས་ཡོད། ད་ལོའི་ཟླ1པོ་ནས8པའི་བར་ཀྲུང་གོའི་དཔལ་འབྱོར་དམིགས་ཚད་གཙོ་བོ་བསྐྱར་འཕར་ཇེ་ལེགས་སུ་ཕྱིན་ནས་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་ཐང་དུས་མཚུངས་ལས3.9%འཕར་བ་དང་། སྤྱི་ཚོགས་འཛད་སྤྱོད་སིལ་ཚོང་བསྡོམས་འབོར་དུས་མཚུངས་ལས7%འཕར། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས3.2%འཕར་བ། ཞབས་ཞུའི་སིལ་ཚོང་བྱེད་ཚད་དུས་མཚུངས་ལས19.4%བཅས་འཕར་ཡོད།

ལྷག་པར་དུ་ད་ལོའི་ཟླ8པ་ནས་བཟུང་། ནང་མཁོ་རྒྱ་སྐྱེད་དང་། ཡིད་ཆེས་སྐྱེད་བ། ཉེན་ཁ་སྔོན་འགོག་བཅས་ཀྱི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པའི་སྐུལ་འདེད་འོག ཀྲུང་གོའི་བཟོ་ལས་དང་ཞབས་ཞུའི་ལས་རིགས་ཀྱི་ཐོན་སྐྱེད་ཇེ་མགྱོགས་སུ་བཏང་བ་དང་། རྒྱལ་ནང་གི་དགོས་མཁོ་མུ་མཐུད་རྒྱ་སྐྱེད་པ། རྒྱལ་དམངས་དཔལ་འབྱོར་སླར་གསོ་ཡོང་བར་དགེ་མཚན་སྤྲད་ཡོད། ཉིན་ཤས་གོང་ཀྲུང་གོའི་གཞུང་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་ཟླ9པར་བཟོ་སྐྲུན་ལས་རིགས་ཀྱི་ཉོ་སྒྲུབ་སྟོན་གྲངས་དེ་དཔེར་བཞག་ནས་བཤད་ན། ཟླ4ལ་བསྟུད་མར་བསྐྱར་འཕར་བྱུང་བ་དང་འབྲེལ་ད་ལོའི་ཟླ4པ་ནས་བཟུང་རྒྱ་སྐྱེད་ཀྱི་བར་སྟོངས་སུ་ཐོག་མར་འཕར།

ཨ་རིའིཝར་ཅེ་ཁྲོམ་གཞུང་ཉིན་རེའི་ཚགས་པརགྱི་དྲ་ཚིགས་ཐོག་ཉིན་འགའི་གོང་དུ་སྤེལ་བའི་གནས་ཚུལ་ལྟར་ན། ཡོ་རོབ་དང་ཨ་མེ་རི་ཁར་སྐྱེད་ཀ་བསྣན་བས་འཛད་སྤྱོད་པ་དང་ཁེ་ལས་དཀའ་ངལ་གྱི་གནས་སུ་གྱར་བའི་གནས་ཚུལ་འོག ཀྲུང་གོའི་དཔལ་འབྱོར་ལ་འཁྲུག་ཆ་དོད་པའི་སྣང་ཚུལ་ཐོན་ཏེ། གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་རེ་བ་བསྩལ། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ཉིན་འགའི་གོང་དུ་བསྟན་དོན། ཉེ་ཆར་གྱི་གྲངས་གཞིའི་ཁྲོད་ཀྲུང་གོའི་དཔལ་འབྱོར་བརྟན་འཇགས་ཡིན་པའི་སྣང་ཚུལ་མཐོང་བྱུང་། ཧྭ་ཆི་སྡེ་ཚོགས་དང་ཀའོ་ཧྲེང་སོགས་རྒྱལ་སྤྱིའི་ལས་ཁུངས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་ཀྲུང་གོའི་ལོ་ཧྲིལ་པོའི་དཔལ་འབྱོར་འཕར་ཚད་ཀྱི་སྔོན་དཔག་མཐོ་རུ་བཏང་ཞིང་། དེའི་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་དཔལ་འབྱོར་བསྐྱར་གསོ་ཡོང་བར་ཡིད་ཆེས་ཆེ་བ་མཚོན་ཡོད། ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉོ་ཚོང་དང་འཕེལ་རྒྱས་བྱ་དོན་གྱི་འགན་འཁུར་བས་ཕྱི་ཕྱོགས་ཀྱིས་ཀྲུང་གོའི་དཔལ་འབྱོར་གནད་དོན་གྱི་སེམས་ངལ་འུད་བརྗོད་བྱས་ཡོད་ཅེས་བཤད།

དོན་དངོས་ཐོག ཀྲུང་གོའི་དཔལ་འབྱོར་གྱི་མདུན་དུ་ལྷགས་པའི་རྒྱལ་སྤྱིའི་ཁོར་ཡུག་སྔར་བཞིན་རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་ལ། རྒྱལ་ནང་གི་དཔལ་འབྱོར་གྲུབ་ཚུལ་རང་བཞིན་གྱི་འགལ་བ་དང་དུས་འཁོར་རང་བཞིན་གྱི་རྒྱུ་རྐྱེན་འོག རྒྱུན་མཐུད་ངང་སླར་གསོ་ཡོང་བའི་རྨང་གཞི་སྔར་བཞིན་སྲ་བརྟན་དུ་གཏོང་དགོས། འོན་ཀྱང་ཕྱོགས་གཞན་ཞིག་ནས་རྒྱལ་སྟོན་རིང་གི་ཚ་ཚ་འུར་འུར་ངང་འཛད་སྤྱོད་བྱས་པའི་རྣམ་པ་ལས་ཀྲུང་གོའི་དཔལ་འབྱོར་གྱི་མཉེན་ཤུགས་ཆེ་བ་དང་། མི་མངོན་པའི་སྟོབས་ཤུགས་ཆེ་བ། གསོན་ཤུགས་ཆེ་བ་སོགས་དུས་ཡུན་རིང་པོའི་ནང་ལེགས་ལམ་དུ་འགྲོ་བའི་གཞི་རྩའི་གནས་ཚུལ་ལ་འགྱུར་ལྡོག་འགྲོ་མི་སྲིད་པ་གསལ་པོར་མཚོན་ཡོད།

སྔོན་དཔག་ཐུབ་པར། བརྟན་ཐོག་འཕར་བའི་སྲིད་ཇུས་ཀྱི་ཕན་འབྲས་ཐོན་པ་དང་ཆབས་ཅིག ཀྲུང་གོའི་དཔལ་འབྱོར་འཁོར་སྐྱོད་ཁྲོད་ཀྱི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་ཟམ་མི་ཆད་པར་མང་དུ་འགྲོ་རེ་ཡོད། འཛམ་གླིང་གི་དཔལ་འབྱོར་འཕར་བར་འགུལ་ནུས་མི་འདང་བའི་ཁོར་ཡུག་ཆེན་པོའི་འོག ཀྲུང་གོའི་དཔལ་འབྱོར་གྱིས་མཉེན་གཤིས་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་མུ་མཐུད་སྐུལ་ཁྲིད་བྱ་རྒྱུ་རེད། 

 
རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།