ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་འཛམ་གླིང་ཡོངས་ཀྱི་དགེ་རྒན་དཀོན་པའི་གནད་དོན་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-10-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་དྲ་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་བའི་ཚེས་ལྔ་ཉིན་ནི་འཛམ་གླིང་དགེ་རྒན་ཉིན་མོ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཉེ་སྔོན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། འཛམ་གླིང་ཧྲིལ་བོར་དགེ་རྒན་བྱེ་བ་བཞི་དང་ས་ཡ་བཞི་ཁ་སྣོན་བྱས་ན། ད་གཟོད་ཉིས་སྟོང་སུམ་ཅུ་ལོར་འཛམ་གླིང་ཡོངས་སུ་སློབ་གྲྭ་ཆུང་འབྲིང་གི་སློབ་གསོ་ཁྱབ་གདལ་དུ་གཏོང་བའི་དམིགས་འབེན་དེ་མངོན་འགྱུར་བྱེད་ཐུབ་ཟེར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་གྲོས་གཞིའི་བྱེད་ཐབས་སྣ་བདུན་བཏོན་ནས། དགེ་རྒན་གྱི་གོ་གནས་མཐོར་འདེགས་དང་འཛམ་གླིང་ཡོངས་སུ་དགེ་རྒན་དཀོན་པའི་གནད་དོན་ཞི་འཇགས་སུ་གཏོང་དགོས་པར་བསྟན།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཉིས་སྟོང་བཅུ་དྲུག་ལོར་ཚོད་རྩིས་བྱས་པའི་འཛམ་གླིང་ཡོངས་ཀྱི་དགེ་རྒན་ཆད་ཚད་མི་བྱེ་བ་དྲུག་དང་ས་ཡ་དགུ་ཡིན་པ་རེད། རྩ་འཛུགས་དེས་ཉེ་སྔོན་སྤེལ་བའི་སྙན་ཞུ་གསར་བ་ལྟར་ན། མིག་སྔར་འཛམ་གླིང་ཡོངས་སུ་དགེ་རྒན་ཆད་ཚད་བྱེ་བ་བཞི་དང་ས་ཡ་བཞི་ཡིན་པ་རེད། གནས་ཚུལ་དེར་ལེགས་བཅོས་ངེས་ཅན་བྱུང་ཡོད་ཀྱང་། སྔར་བཞིན་འཛམ་གླིང་ཡོངས་ཀྱི་སློབ་གསོའི་དགོས་མཁོ་བསྐང་ཐབས་མེད་པ་རེད།

དགེ་རྒན་ལས་རིགས་ཀྱི་མདུན་དུ་ལྷགས་པའི་མ་ལག་རང་བཞིན་གྱི་འཇོན་མི་དཀོན་པའི་གནས་ཚུལ་ལ་གཞིགས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་གྲོས་གཞིའི་བྱེད་ཐབས་སྣ་བདུན་བཏོན་ཡོད་དེ། དགེ་རྒན་གསར་བའི་གསོ་སྦྱོང་དང་དགེ་རྒན་ལས་རིགས་ཀྱི་འཕེལ་རྒྱས་ལས་གཞིའི་ཐད་ཧུར་ཐག་སྒོས་མ་དངུལ་གཏོང་པ་དང་། ཁྲིད་སྟོན་འཆར་གཞི་བཙུགས་ནས་ལས་རིགས་གཅིག་པའི་རོགས་རེས་ལ་སྐུལ་མ་གཏོང་བ། དགེ་རྒན་གྱི་ཟླ་ཕོགས་དང་ཕན་བདེ། ལས་རིམ་འཕར་བའི་གོ་སྐབས་ལ་འགྲན་རྩོད་ནུས་པ་ལྡན་པར་ཁག་ཐེག་བྱེད་པ། དགེ་རྒན་གྱིས་བློ་སེམས་རྩེ་གཅིག་གིས་སློབ་ཁྲིད་ལ་གཞོལ་བར་ཁག་ཐེག་བྱེད་པ། ལུགས་མཐུན་གྱི་བྱ་བའི་དུས་ཚོད་བཀོད་སྒྲིག་བྱེད་པ། དགེ་རྒན་ལ་རོགས་བྱས་ནས་གནོན་ཤུགས་དང་སེམས་ཁམས་གནད་དོན་ཐག་གཅོད་བྱེད་པ། སྟོབས་དང་ལྡན་ཞིང་དགེ་རྒན་ལ་ཞབས་ཞུ་བྱེད་པའི་སློབ་གྲྭའི་མགོ་ཁྲིད་ནུས་པ་འཛུགས་སྐྲུན་བྱས་ནས་ཧུར་ཐག་སྒོས་བྱ་བའི་ཁོར་ཡུག་བཟང་བོ་བསྐྲུན་པ་བཅས་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཨ་ཙུའུ་ལའེ་ཡིས་བཤད་རྒྱུར། དགེ་རྒན་གྱིས་ང་ཚོའི་སྤྱི་ཚོགས་ཁྲོད་གལ་འགངས་ཆེ་བའི་ནུས་པ་ཐོན་བཞིན་ཡོད་ཀྱང་། ལས་རིགས་དེ་འཇོན་མི་དཀོན་པའི་ཉམས་ཉེན་ཚབས་ཆེན་ལ་འཕྲད་ཡོད། འཛམ་གླིང་སྟེང་གི་ས་ཁུལ་ལ་ལར་འཇོན་མིའི་གྲབས་གསོག་ཉུང་བ་དང་། ས་ཁུལ་ལ་ལར་དགེ་རྒན་གསར་བ་ལས་གནས་ལས་འབུད་ཚད་མཐོ་བའི་གནས་ཚུལ་བྱུང་ཡོད། གནས་གང་ཡིན་རུང་ཐག་གཅོད་བྱེད་ཐབས་གཅིག་མ་གཏོགས་མེད། དེ་ནི་ང་ཚོས་ངེས་པར་དུ་དགེ་རྒན་གྱི་ལས་རིགས་ལ་མཐོང་ཆེན་དང་ཤུགས་སྣོན་བྱས་ཏེ། དགེ་རྒན་གྱི་གསོ་སྦྱོང་དང་རྒྱབ་སྐྱོར་ལེགས་བསྒྱུར་བྱེད་པ་དེ་ཡིན་ཟེར།

གཅིག་སྟོང་དགུ་བརྒྱ་རེ་དྲུག་ལོའི་ཟླ་བཅུ་བའི་ཚེས་ལྔ་ཉིན་གྲོས་མཐུན་བཀོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དང་རྒྱལ་སྤྱིའི་ངལ་རྩོལ་བཟོ་བའི་རྩ་འཛུགས་ཀྱི་དགེ་རྒན་གྱི་གོ་གནས་སྐོར་གྱི་གྲོས་གཞིར་རྗེས་དྲན་བྱེད་ཆེད། གཅིག་སྟོང་དགུ་བརྒྱ་གོ་བཞི་ལོ་ནས་བཟུང་། ལོ་རེའི་ཟླ་བཅུ་བའི་ཚེས་ལྔ་ཉིན་དེ་འཛམ་གླིང་དགེ་རྒན་ཉིན་མོར་གཏན་འཁེལ་བྱས་པ་རེད། ད་ལོའི་འཛམ་གླིང་དགེ་རྒན་ཉིན་མོའི་བརྗོད་སྙིང་ནི་ང་ཚོར་དགེ་རྒན་མཁོ་བ་དང་། ང་ཚོར་སློབ་གསོ་དགོས་པ་སྟེ། འཛམ་གླིང་ཡོངས་སུ་དགེ་རྒན་དཀོན་པའི་སྣང་ཚུལ་ལེགས་བསྒྱུར་བྱེད་དགོས་ཞེས་པ་དེ་རེད།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།