ཀྲུང་གོ་བོད་ཀྱི་དྲ་བ།

ཁོ་ལོམ་པུ་ཡཱའི་ཙུང་ཐུང་གིས་ཁོ་ལོམ་པུ་ཡཱ་དང་ཀྲུང་གོའི་འབྲེལ་བར་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་བར་རེ་བཞིན་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-10-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁོ་ལོམ་པུ་ཡཱའི་ཙུང་ཐུང་ཕའེ་ཐི་ལོ་ཡིས་ཚེས་བཞི་ཉིན་བསྟན་དོན། ཀྲུང་གོའི་བར་གྱི་ནུས་ཁུངས་སྤོར་བསྒྱུར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་གསར་བ་འབྱུང་བར་རེ་སྒུག་བྱས་ཡོད་ཟེར།

ཕའེ་ཐི་ལོ་ཡིས་ཉིན་དེར་ཙུང་ཐུང་བཞུགས་ཤག་ནས་ཁོ་ལོམ་པུ་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀྲུའུ་ཅིང་དབྱང་གིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱེད་སྐབས་བསྟན་དོན། ཁོ་ལོམ་པུ་ཡཱ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ལོ་རྒྱུས་སྟེང་གི་དུས་སྐབས་ཆེས་བཟང་བོར་གནས་ཡོད་པ་དང་། ཁོ་ལོམ་པུ་ཡཱ་ཕྱོགས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་གྲོས་འདོན་ནང་ཞུགས་པར་ནན་ཏན་གྱིས་ཞིབ་འཇུག་བྱེད་བཞིན་ཡོད་ལ། ཀྲུང་གོའི་བར་གྱི་ནུས་ཁུངས་སྤོར་བསྒྱུར་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། ལྷད་མེད་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་གསར་བ་འབྱུང་བར་རེ་སྒུག་བྱས་ཡོད་ཟེར།

ཀྲུའུ་ཅིང་དབྱང་གིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཁོ་ལོམ་པུ་ཡཱའི་འབྲེལ་བར་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་སྲུང་འཛིན་བྱས་ཡོད་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་བསྟུད་མར་ཇེ་བཟང་དུ་སོང་ཡོད། ཁོ་ལོམ་པུ་ཡཱ་རུ་སྡོད་པའི་གཞུང་ཚབ་ཆེན་མོ་གསར་བ་ཡིན་པའི་ཆ་ནས། ཁོས་ཁོ་ལོམ་པུ་ཡཱའི་ཕྱོགས་དང་ལག་རྡང་སྦྲེལ་ནས་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆུ་ཚད་གསར་བ་ཞིག་ཏུ་སྐུལ་འདེད་བཏང་ནས་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།

ཀྲུའུ་ཅིང་དབྱང་ཟླ་བརྒྱད་པའི་ཚེས་ཉེར་བརྒྱད་ཉིན་ཁོ་ལོམ་པུ་ཡཱ་རུ་འབྱོར་ནས་ལས་འགན་གསར་དུ་ཁུར་བ་རེད།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།