ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་སྐབས་གསར་བའི་ཙུང་ཐུང་འདེམ་བསྐོ་ལ་ཞུགས་རྒྱུ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-10-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཚེས་གཉིས་ཉིན་ད་ལོའི་ཟླ་བཅུ་གཉིས་པར་སྤེལ་རྒྱུ་ཡིན་པའི་སྐབས་གསར་བའི་ཙུང་ཐུང་འདེམ་བསྐོའི་ནང་ཞུགས་རྒྱུ་ཡིན་ཟེར། 

སེ་ཞི་ཡིས་ཉིན་དེར་ཨེ་ཅིབ་ཀྱི་སྲིད་འཛིན་རྒྱལ་ས་གསར་བ་ནས་གནས་ཚུལ་དེ་ཁྱབ་བསྒྲགས་བྱས་པ་རེད། ཁོས་བཤད་རྒྱུར། ངས་སྔོན་ཆད་ཨེ་ཅིབ་མི་དམངས་ཀྱི་འབོད་སྐུལ་དང་ལེན་བྱས་པ་ནང་བཞིན། དེ་རིང་ཡང་བསྐྱར་ཁོ་ཚོའི་འབོད་སྐུལ་དང་ལེན་བྱེད་རྒྱུ་ཡིན། ངས་རང་ཉིད་ཀྱི་མིང་འདོན་བྱས་ཏེ་སྐབས་གསར་བའི་ཙུང་ཐུང་ལ་འགྲན་རྩོད་བྱེད་རྒྱུའི་ཆོད་སེམས་ཡོད་ཟེར། ཁོས་ད་རུང་ཨེ་ཅིབ་མང་ཚོགས་དག་སྐབས་གསར་བའི་ཙུང་ཐུང་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་ལ་ཞུགས་དགོས་པའི་འབོད་སྐུལ་བཏང་།

ཨེ་ཅིབ་རྒྱལ་ཡོངས་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཟླ་དགུ་བའི་ཚེས་ཉེར་ལྔ་ཉིན་ཁྱབ་བསྒྲགས་བྱས་དོན། སྐབས་གསར་བའི་ཨེ་ཅིབ་ཀྱི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་དེ་ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན་ནས་བཟུང་སྤེལ་རྒྱུ་ཡིན་པ་དང་། ཕྱི་རྒྱལ་གྱི་འདེམ་ཁུལ་ནས་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ནས་བཟུང་འདེམ་ཤོག་འཕེན་མགོ་རྩོམ་རྒྱུ་ཡིན་ཟེར།

སེ་ཞི་ལ་ཉིས་སྟོང་བཅུ་བཞི་ལོར་ཐོག་དང་པོར་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པ་དང་། ཉིས་སྟོང་བཅོ་བརྒྱད་ལོར་ཡང་བསྐྱར་བདམས་ཐོན་བྱུང་བ་རེད། །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།