ཀྲུང་གོ་བོད་ཀྱི་དྲ་བ།

མའོ་སིང་པུས་ཁིའི་ཙུང་ཐུང་གིས་ཀྲུང་གོའི་བར་གྱི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-10-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོས་མའོ་སིང་པུས་ཁི་ལ་རོགས་སྐྱོར་བྱེད་པའི་མའོ་སིང་པུས་ཁི་དང་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱིས་ཟླ་དགུ་བའི་ཚེས་ཉེར་བརྒྱད་ཉིན་ཡོལ་རས་ཕྱེ་བའི་མཛད་སྒོ་སྤེལ། མའོ་སིང་པུས་ཁིའི་ཙུང་ཐུང་ཉིག་ཞི་ཡིས་མཛད་སྒོའི་སྟེང་ཞུ་ཚིག་འབུལ་སྐབས་བསྟན་དོན། མའོ་སིང་པུས་ཁི་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཉིག་ཞི་ཡིས་ཀྲུང་གོས་དུས་ཡུན་རིང་བོའི་ཚུན་ལ་མའོ་སིང་པུས་ཁིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་རྒྱབ་སྐྱོར་དང་རོགས་རམ་ཆེན་པོ་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཞུས། ཁོས་བསྟ་དོན། མའོ་སིང་པུས་ཁི་དང་ཀྲུང་གོའི་རིག་གནས་ལྟེ་གནས་ནི་རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ཀྱི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ཤིག་ཡིན་པ་དང་། ལས་གཞི་དེ་དངོས་འབེབས་བྱས་པ་ལས་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་རིག་གནས་དང་སྒྱུ་རྩལ་གྱི་བརྗེ་རེས་ལ་སྐུལ་འདེད་གཏོང་ཐུབ་པར་ཡིད་ཆེས་ཡོད། མའོ་སི་པུས་ཁི་ཕྱོགས་ཀྲུང་གོ་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱ་བར་ཧུར་ཐག་སྒོས་ཞུགས་པ་དང་། ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། མའོ་སིང་པུས་ཁི་དང་ཀྲུང་གོའི་ཕྱོགས་གཉིས་ཀྱི་འབྲེལ་བ་དེ་སྐས་རིམ་གསར་བ་ཞིག་བསླེབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

མའོ་སིང་པུས་ཁི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཝང་ཧི་ཅུན་གྱིས་ཞུ་ཚིག་ཕུལ་ནས། མའོ་སིང་པུས་ཁི་དང་ཀྲུང་གོའི་རིག་གནས་ལྟེ་གནས་ལས་གཞི་ནི་ཀྲུང་གོ་དང་མའོ་སིང་པུས་ཁིའི་མཛའ་མཐུན་མཉམ་ལས་དང་འཕེལ་རྒྱས་གཏིང་ཟབ་བྱེད་པའི་མཚོན་རྟགས་རང་བཞིན་ལྡན་པའི་ལས་གཞི་ཞིག་ཡིན་ལ། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན། དེ་ལས་མའོ་སིང་པུས་ཁིའི་མི་དམངས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་ཚོགས་ར་འདོན་སྤྲོད་བྱེད་པ་དང་། ཀྲུང་གོ་དང་མའོ་སིང་པུས་ཁིའི་བར་གྱི་མི་གཞུང་བརྗེ་རེས་ལ་སྟེགས་བུ་གསར་བ་འདོན་སྤྲོད་བྱེད་ཐུབ་ཟེར།

ཁོས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ངེས་པ་དོན་གྱི་རྣམ་དག་འདུ་ཤེས་དང་ཡང་དག་པའི་ཁེ་ཕན་ལྟ་བ་རྒྱུན་འཁྱོངས་བྱས་ཤིང་། མུ་མཐུད་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་གླེང་སྟེགས་ཀྱི་བཟོ་སྐྲུན་སྣ་དགུ་དངོས་འབེབས་བྱས་ཏེ། མའོ་སིང་པུས་ཁི་དང་མཉམ་དུ་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱས་ཐོག་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་གཏོང་རྒྱུ་ཡིན་ཟེར། །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།