ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་དགུའི་མགོ་ཁྲིད་པས་མཉམ་ལས་ལ་ཤུགས་སྣོན་བྱས་ནས་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-10-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20231001095308NhNq.jpg

ཟླ་དགུ་བའི་ཚེས་ཉེར་དགུ་ཉིན། མར་ཐཱའི་ཙུང་ལི་ཨ་པེ་ལཱ་ཡིས་མར་ཐཱའི་མུའུ་ཏིས་ནཱ་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་གཏམ་བཤད་སྤེལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དཀྱིལ་མཚོ་ཁོངས་ས་ཁུལ་གྱི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དགུའི་མགོ་ཁྲིད་པས་ཟླ་དགུ་བའི་ཚེས་ཉེར་དགུ་ཉིན་མར་ཐཱ་ནས་གྲོས་ཚོགས་བསྡུས་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱིས་མཉམ་ལས་ལ་ཤུགས་སྣོན་བྱས་ནས་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་པའི་སྐུལ་མ་བཏང་།

རྒྱལ་ཁབ་དེ་དགུ་བོར་མར་ཐཱ་དང་། ཁི་ལོ་ཏི་ཡཱ། སེ་ཕུའུ་ལུའུ་སི། ཧྥ་རན་སི། ཞི་ལཱ། དབྱི་ཐཱ་ལེ། ཕུའུ་ཐའོ་ཡཱ། སི་ལོ་ཝུན་ནེ་ཡཱ། སི་ཕན་བཅས་འདུས། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་དང་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུས་ཞེ་ཨར་གཉིས་ཀྱང་གྲོས་ཚོགས་ལ་ཞུགས།

རྒྱལ་ཁབ་དགུའི་མགོ་ཁྲིད་པས་ཚོགས་འདུ་གྲོལ་རྗེས་བཀོད་པའི་མཉམ་འབྲེལ་གསལ་སྒྲོག་ལས་བཤད་རྒྱུར། ངེས་པར་དུ་ཁྲིས་འགལ་གནས་སྤོར་སྡོད་དམངས་མང་བོ་དང་ལེན་བྱས་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་རེ་འདོད་བསྐང་དགོས་པའི་ཚུལ་བསྟན་པར་མ་ཟད། བྱེད་ཐབས་སྤྱད་ནས་དང་ལེན་མ་བྱས་པའི་སྐྱབས་འཚོལ་མཁན་དང་ཡོ་རོབ་གླིང་མནའ་འབྲེལ་དུ་སྡོད་དབང་མེད་པའི་རྒྱལ་ཁབ་གཞན་པའི་སྤྱི་དམངས་ཀྱི་ཕྱིར་ལྡོག་བྱས་ཚད་མཐོར་འདེགས་གཏོང་དགོས་པའི་འབོད་སྐུལ་བཏང་། གསལ་སྒྲོག་ལས་ནན་གྱིས་བསྟན་དོན། ས་དཀྱིལ་མཚོ་ཁོངས་ས་ཁུལ་གྱི་ཁྱིམ་མཚེས་རྒྱལ་ཁབ་དང་ཨ་ཧྥེ་རི་ཁ་གླིང་གི་སྐམ་ས་ཆེན་མོ། དེ་མིན་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཡོང་སའི་རྒྱལ་ཁབ་དང་ལམ་བར་ནས་བརྒྱུད་པའི་རྒྱལ་ཁབ་གཙོ་བོ་བཅས་ཀྱི་བར་སྔར་ལས་མཉམ་ལས་བཟང་བོ་བྱེད་དགོས་ཟེར།

ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་གྲོས་ཚོགས་གྲོལ་རྗེས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ས་དཀྱིལ་མཚོ་ཁོངས་ས་ཁུལ་གྱི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་ཁྲིམས་འགལ་གནས་སྤོར་སྡོད་དམངས་མང་བོ་ཡོང་བའི་གནད་དོན་ལ་འཕྲད་ཡོད་ཟེར། ཁོས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་མཐུན་སྒྲིལ་བྱས་ནས་ཐག་གཅོད་བྱེད་དགོས་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་ངེས་པར་དུ་འབད་བརྩོན་ཆེན་པོས་ནང་ཁུལ་གྱི་འཁོར་སྐྱོད་བྱ་བ་ལེགས་བཅོས་བྱེད་དགོས་པར་མ་ཟད། ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་མོའི་བར་གྱི་མཉམ་ལས་དང་གྲོགས་པོའི་འབྲེལ་བར་ཤུགས་སྣོན་དགོས་པའི་འབོད་སྐུལ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཚོགས་པས་ཟླ་དགུ་བའི་ཚེས་ཉེར་དགུ་ཉིན་སྤེལ་བའི་གཞི་གྲངས་ལྟར་ན། ད་ལོའི་ཟླ་དྲུག་པ་ནས་ཟླ་དགུ་བའི་བར། ཉུང་མཐར་ཡང་བྱིས་པ་དང་བཅས་པའི་མི་དགུ་བརྒྱ་དང་དགུ་བཅུ་ས་དཀྱིལ་མཚོ་ཁོངས་བརྒྱུད་སྐབས་རྐྱེན་ལམ་དུ་ཤོར་བའམ་གར་སོང་མ་རྙེད། ཁ་གྲངས་དེ་ན་ནིང་དབྱར་ཁའི་དུས་མཉམ་ལས་ལྡབ་གསུམ་གྱིས་མང་བ་དང་། དོན་དངོས་སུ་རྐྱེན་ལམ་དུ་ཤོར་བའི་མི་གྲངས་དེ་ལས་ཀྱང་མཐོ་སྲིད་ཟེར།

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།