ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་ལས་ཨ་མེ་རི་ཁའི་ཉེན་རྟོག་པ་དང་ཁྲིམས་འཛིན་སྡེ་ཁག་ཏུ་མ་ལག་རང་བཞིན་ལྡན་པའི་རིགས་རྒྱུད་རིང་ལུགས་ཀྱི་གནད་དོན་ཡོངས་ཁྱབ་ཏུ་གནས་པར་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཁྲིམས་འཛིན་བྱ་བའི་ཁྲོད་རིགས་རྒྱུད་ཀྱི་དྲང་བདེན་དང་འདྲ་མཉམ་ལ་སྐུལ་འདེད་གཏོང་བའི་སྒེར་ཚུགས་ཆེད་མཁས་ཚན་ཆུང་གིས་ཚེས་ཉེར་བརྒྱད་ཉིན་སྤེལ་བའི་སྙན་ཞུ་གསར་བ་ལས། ཨ་མེ་རི་ཁའི་ཉེན་རྟོག་པ་དང་ཁྲིམས་འཛིན་སྡེ་ཁག་ཏུ་ཨ་ཧྥེ་རི་ཁ་གླིང་གི་རྗེས་རབས་པར་དམིགས་པའི་མ་ལག་རང་བཞིན་ལྡན་པའི་རིགས་རྒྱུད་རིང་ལུགས་ཀྱི་གནད་དོན་ཡོངས་ཁྱབ་ཏུ་གནས་པར་རྒོལ་གཏམ་བཏང་བ་དང་། ཨ་མེ་རི་ཁའི་དབང་འཛིན་ལས་ཁུངས་ཀྱིས་མྱུར་མོར་བཅོས་བསྒྱུར་ཤུགས་ཚད་ཇེ་ཆེར་གཏོང་དགོས་པའི་སྐུལ་མ་བཏང་བར་མ་ཟད། ཨ་མེ་རི་ཁའི་འབྲེལ་ཡོད་སྡེ་ཁག་ལ་ལེགས་བཅོས་གྲོས་གཞི་སྣ་སུམ་ཅུ་བཏོན་ཡོད།

ཆེད་མཁས་ཚན་ཆུང་གིས་ད་ལོའི་ལོ་སྟོད་དུ་ཨ་མེ་རི་ཁར་འཚམས་འདྲི་བྱས་ཤིང་། ཨ་མེ་རི་ཁའི་གནོད་ཐེབས་མཁན་བརྒྱ་དང་སོ་གསུམ་གྱི་དཔང་ཚིག་ལ་ཉན་པ་དང་ཨ་མེ་རི་ཁའི་བཀག་འཇུག་ལྟེ་གནས་ལྔར་འཚམས་འདྲི་བྱས་པར་མ་ཟད། རྒྱལ་ས་ཝ་ཧྲིན་ཐོན་ཁོ་ལོམ་པུ་ཡཱ་དམིགས་བསལ་ས་ཁུལ་དང་། ཡཱ་ཐི་ལན་ཏཱ། ལོ་ཧྲན་ཅི། ཀྲི་ཅཱ་ཀི། མེན་ནེ་ཨ་པའོ་ལེ་སི། ཉིག་ཡོ་གྲོང་ཁྱེར་བཅས་ཀྱི་དམངས་ཁྲོད་སྤྱི་ཚོགས་ཚོགས་ཁག་དང་། དེ་མིན་སྲིད་གཞུང་དང་ཉེན་རྟོག་ཅུའུ་བར་གྲོས་མོལ་བྱས་པ་རེད།

སྙན་ཞུ་གསར་བ་དེ་ལས་བསྟན་དོན། བྲན་གཡོག་ལམ་ལུགས་དང་བྲན་གཡོག་ཉོ་ཚོང་། རིགས་རྒྱུད་ཁ་བྲལ་བཅས་ཀྱི་སྲིད་ཇུས་ཀྱི་ཤུལ་བཞག་ཡིན་པའི་ཆ་ནས། ཨ་མེ་རི་ཁའི་རིགས་རྒྱུད་རིང་ལུགས་གནད་དོན་དེ་ད་ལྟ་སྔར་བཞིན་རིགས་རྒྱུད་མཐོང་ཆུང་དང་ཉེན་རྟོག་པས་མི་གཞན་པ་གང་འདོད་དུ་གསོད་པ། དེ་མིན་འགྲོ་མིའི་ཐོབ་ཐང་དང་འགལ་བའི་རྣམ་པ་གཞན་མང་བོར་གནས་ཡོད་ཟེར།

སྙན་ཞུ་ལས་བཤད་རྒྱུར། ཨ་མེ་རི་ཁའི་མི་ནག་ཉེན་རྟོག་པས་དམར་གསོད་གཏོང་བའི་སྣང་ཚུལ་མི་དཀར་ལས་ལྡབ་གསུམ་གྱིས་མཐོ་བ་དང་། བཙོན་འཇུག་བྱེད་པའི་སྣང་ཚུལ་མི་དཀར་ལས་ལྡབ་བཞི་དང་གྲངས་ཆུང་ལྔ་ཡིས་མཐོ་བ་རེད། ཨ་མེ་རི་ཁར་ལོ་རེར་ཉེན་རྟོག་པས་མི་བསད་པའི་གྱོད་དོན་སྟོང་གཅིག་ལྷག་འབྱུང་བཞིན་ཡོད་པ་དང་། དེ་ལས་བརྒྱ་ཆའི་གཅིག་ཙམ་ལ་མ་གཏོགས་སྐྱོན་འཛུགས་ཐེབས་མེད་ཟེར།

སྙན་ཞུ་དེ་ལས་ད་རུང་བསྟན་དོན། ཨ་མེ་རི་ཁར་ཨ་ཧྥེ་རི་ཁའི་རིགས་རྒྱུད་ཅན་གྱི་བྱིས་པར་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་དང་། ཨ་ཧྥེ་རི་ཁའི་རིགས་རྒྱུད་ཅན་གྱི་སྦྲུམ་མས་བྱིས་པ་བཙའ་དུས་ལྕགས་སྒྲོག་བརྒྱག་པ་རེད། ཨ་ཧྥེ་རི་ཁའི་རིགས་རྒྱུད་ཅན་ལ་ལ་ལོ་མང་བོར་བཙོན་འཇུག་བྱས་རྗེས་སྔར་བཞིན་ཁྲིམས་འགལ་གྱིས་ཁེ་དབང་འཕྲོག་སྲིད། ཨ་ཧྥེ་རི་ཁའི་རིགས་རྒྱུད་ཅན་ལ་བཙོན་ཁང་ནས་བཙན་སྐུལ་གྱིས་ངལ་རྩོལ་བྱེད་དུ་འཇུག་པ་དང་། སྣང་ཚུལ་ལ་ལས་ཐ་ན་དེང་རབས་རྣམ་པ་ཅན་གྱི་བྲན་གཡོག་ལམ་ལུགས་གྲུབ་ཡོད་པ་རེད།

ཆེད་མཁས་ཚན་ཆུང་གི་ཁོངས་མི་ཐི་ལོས་ཞི་ཅི་ཆི་ཡིས་སྨྱན་བྱད་ལ་བསྟན་དོན། ཨ་མེ་རི་ཁའི་མི་ཀུན་གྱིས་དང་ལེན་བྱེད་ཐབས་མེད་པའི་རིགས་རྒྱུད་རིང་ལུགས་ནི་མ་ལག་རང་བཞིན་ལྡན་པའི་གནད་དོན་ཅིག་ཡིན་པས། མ་ལག་ལྡན་པའི་ཐག་གཅོད་བྱེད་ཐབས་སྤྱོད་དགོས། དེའི་ནང་ཉེན་རྟོག་ཅུའུ་དང་ཉེན་རྟོག་བཟོ་ཚོགས་འདུས་པའི་འབྲེལ་ཡོད་སྡེ་ཁག་ཚང་མས་ངེས་པར་དུ་ལག་རྡང་སྦྲེལ་ནས་ཡོངས་ཁྱབ་ཏུ་གནས་པའི་ནག་ཉེས་ལ་ཆད་གཅོད་མི་བྱེད་པའི་སྣང་ཚུལ་དེར་ཆམ་ཕབ་གཏོང་བ་སོགས་འདུས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།