ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་སྦྲེལ་དྲའི་ཁྱབ་གདལ་བྱེད་ཚད76.4%ལ་སླེབས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-08-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་སྦྲེལ་དྲའི་ཆ་འཕྲིན་ལྟེ་གནས་ཀྱིས་ཟླ8པའི་ཚེས28ཉིན་པེ་ཅིན་དུ་ཐེངས52པའི《ཀྲུང་གོའི་སྦྲེལ་དྲའི་འཕེལ་རྒྱས་གནས་བབ་ཀྱི་བསྡོམས་རྩིས་སྙན་ཞུ》ཁྱབ་བསྒྲགས་བྱས། སྙན་ཞུ་ལས་མངོན་པ་ལྟར་ན། ད་ལོའི་ཟླ6པའི་བར་དུ། རང་རྒྱལ་གྱི་དྲ་དམངས་ཀྱི་གཞི་ཁྱོན་མི་དུང་ཕྱུར10.79ལ་སླེབས་པ་དང་། 2022ལོའི་ཟླ12པ་དང་བསྡུར་ན་མི་ཁྲི1109ཇེ་མང་དུ་སོང་ཞིང་། སྦྲེལ་དྲའི་ཁྱབ་གདལ་བྱེད་ཚད76.4%ལ་སླེབས་ཡོད།

སྙན་ཞུ་ལས་མངོན་པ་ལྟར་ན། ད་ལོའི་ཟླ6པའི་བར་དུ། དྲ་བའི་རྨང་གཞིའི་ཐོན་ཁུངས་ཐད་ནས། རང་རྒྱལ་གྱི་དྲ་མིང་སྤྱི་གྲངས་ཁྲི3024ཡོད་པ་དང་། IPv6སྤྱོད་མཁན་དུང་ཕྱུར7.67ཡོད་ལ། སྦྲེལ་དྲའི་ཁོད་ཡངས་དྲ་བའི་སྦྲེལ་གནས་དུང་ཕྱུར11.1ལ་སླེབས་ཤིང་། འོད་སྐུད་ལམ་ཐིག་གི་སྤྱིའི་རིང་ཚད་སྤྱི་ལེ་ཁྲི6196ཡོད།

སྙན་ཞུ་ལས་མངོན་པ་ལྟར་ན། ལོ་སྟོད་ལ། རང་རྒྱལ་གྱི་རིགས་སོ་སོའི་སྦྲེལ་དྲའི་བཀོལ་སྤྱོད་མུ་མཐུད་དུ་འཕེལ་རྒྱས་སུ་ཕྱིན་པ་དང་། བཀོལ་སྤྱོད་སྒྲིག་རིམ་མང་པོ་ཞིག་གི་སྤྱོད་མཁན་གཞི་ཁྱོན་ཚད་ངེས་ཅན་ཞིག་ཇེ་མང་དུ་སོང་ཡོད། ཟླ6པའི་བར་དུ། སྐབས་འཕྲལ་བརྡ་འཕྲིན་དང་དྲ་བའི་བརྙན་ཟློས། བརྙན་ཟློས་ཐུང་ངུའི་སྤྱོད་མཁན་བཅས་ཀྱི་གཞི་ཁྱོན་སོ་སོར་མི་དུང་ཕྱུར10.47དང་མི་དུང་ཕྱུར10.44། མི་དུང་ཕྱུར10.26ལ་སླེབས་ཡོད། དྲ་འབོད་གླ་འཁོར་དང་དྲ་ཐོག་ཡུལ་སྐོར་སྔོན་མངག དྲ་ཐོག་རྩོམ་རིག་གི་སྤྱོད་མཁན་གཞི་ཁྱོན་ན་ནིང་གི་ཟླ12པ་ལས་སོ་སོར་མི་ཁྲི3492དང་མི་ཁྲི3091། མི་ཁྲི3592བཅས་ཇེ་མང་དུ་སོང་སྟེ། སྤྱོད་མཁན་གཞི་ཁྱོན་ཇེ་མང་དུ་སོང་བ་ཆེས་མགྱོགས་པའི་བཀོལ་སྤྱོད་སྒྲིག་རིམ3དུ་གྱུར་ཡོད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།