ཀྲུང་གོ་བོད་ཀྱི་དྲ་བ།

ཟླ1པོ་ནས་ཟླ7པའི་བར་དུ་རང་རྒྱལ་གྱི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་འཚོང་དུས་མཉམ་ལས་སོ་སོར7.4%དང7.9%འཕར་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-08-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས10ཉིན་ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་ཟླ1པོ་ནས་ཟླ7པའི་བར་དུ་རང་རྒྱལ་གྱིས་རླངས་འཁོར་ཐོན་སྐྱེད་བྱས་པ་ཁྲི1565དང་ཕྱིར་འཚོང་བྱས་པ་ཁྲི1562.6ལ་སླེབས་ཤིང་། དུས་མཉམ་ལས་སོ་སོར7.4%དང7.9%འཕར་ནས། ཐོན་སྐྱེད་དང་ཕྱིར་འཚོང་དུས་མཉམ་ལས་བརྟན་བརླིང་ངང་འཕར་བ་མངོན་འགྱུར་བྱུང་།

ཀྲུང་གོ་རླངས་འཁོར་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཁྲིན་ཧྲི་ཧྭ་ཡིས་མཚམས་སྦྱོར་བྱེད་རྒྱུར། ཟླ7པར། ན་ནིང་གི་དུས་མཉམ་གྱི་གཞི་གྲངས་མཐོ་བའི་ཤུགས་རྐྱེན་འོག་དང་། སྲོལ་རྒྱུན་གྱི་རླངས་འཁོར་ཉོ་ཚད་དམའ་བའི་དུས་ཚིགས་ཀྱི་རྐྱེན་གྱིས་ལས་རིགས་ཀྱི་ཐོན་སྐྱེད་དང་ཕྱིར་འཚོང་ཅུང་དལ་བ་དང་། ཁྲོམ་ར་ཡོངས་ཀྱི་རྣམ་པ་ཅུང་སྤྱིར་བཏང་དུ་ལུས་ཡོད་ཟེར། ཟླ7པར། རང་རྒྱལ་གྱི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་འཚོང་སོ་སོར་ཁྲི240.1དང་ཁྲི238.7ཡིན་ལ། དུས་འཁོར་བསྡུར་ཚད་ལས་སོ་སོར6.2%དང9%ཆག་པ་དང་། དུས་མཉམ་ལས་སོ་སོར2.2%དང1.4%ཆག་ཡོད།

ཀྲུང་གོ་རླངས་འཁོར་མཐུན་ཚོགས་ཀྱི་གཞི་གྲངས་ལས་མངོན་པ་ལྟར་ན། ཟླ1པོ་ནས་ཟླ7པའི་བར་དུ། རང་རྒྱལ་གྱི་ནུས་ཁུངས་གསར་བའི་རླངས་འཁོར་གྱི་ཐོན་སྐྱེད་དང་ཕྱིར་འཚོང་སོ་སོར་ཁྲི459.1དང་ཁྲི452.6ཡིན་པ་དང་། དུས་མཉམ་ལས་སོ་སོར40%དང41.7%འཕར་ལ། ཁྲོམ་རའི་བདག་བཟུང་ཚད29%ལ་སླེབས་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།