ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་ལི་ཆང་གཉིས་ཀྱིས་ཇན་ཕུའུ་ཀྲའེ་མི་དམངས་ཏང་གི་ཀྲུའུ་ཞི་ཧུང་སུན་ལ་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-07-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས25ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཇན་ཕུའུ་ཀྲའེ་མི་དམངས་ཏང་གི་ཀྲུའུ་ཞི་ཧུང་སུན་ལ་གློག་འཕྲིན་བཏང་ནས། ཧུང་སུན་གྱིས་མགོ་ཁྲིད་མཛད་པའི་ཇན་ཕུའུ་ཀྲའེ་མི་དམངས་ཏང་རྒྱལ་ཡོངས་ཀྱི་འདེམས་བསྐོ་ཆེན་མོ་སྐབས་བདུན་པའི་ཁྲོད་རྣམ་པར་རྒྱལ་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་ཀྲུའུ་ཞི་ཧུང་སུན་གཙོ་བྱས་ཏེ་ཇན་ཕུའུ་ཀྲའེ་རྒྱལ་པོའི་རྒྱལ་ཁབ་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་འོག་ཏུ། ཇན་ཕུའུ་ཀྲའེ་ཡི་ཆབ་སྲིད་བརྟན་ལྷིང་དང་དཔལ་འབྱོར་འཕེལ་རྒྱས། དམངས་ཚིས་ལེགས་བཅོས་བཅས་ཀྱི་ཐད་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཇན་ཕུའུ་ཀྲའེ་ཡི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུའི་སྟེང་བསྐྱོད་རྒྱུར་སྔར་བཞིན་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུའུ་ཞི་ཧུང་སུན་གྱི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་ཏུ། ཇན་ཕུའུ་ཀྲའེ་མི་དམངས་ཏང་གིས་རྒྱལ་ཁབ་དར་རྒྱས་དང་མི་དམངས་བདེ་སྐྱིད། ས་ཁུལ་ཞི་བདེ་བརྟན་ལྷིང་དང་དར་རྒྱས་ཡོང་ཆེད་ལེགས་སྐྱེས་གསར་པ་འབུལ་ཐུབ་པར་ཡིད་ཆེས་ཡོད་ཅེས་བསྟན།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཇན་ཕུའུ་ཀྲའེ་ནི་ལས་སྐལ་གཅིག་མཐུན་ཚོགས་པ་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་ཇན་ཕུའུ་ཀྲའེ་ཡི་མི་དམངས་ཏང་དང་མཛའ་མཐུན་མཉམ་ལས་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། ངས་ཀྲུའུ་ཞི་ཧུང་སུན་དང་མཉམ་དུ་ཕྱོགས་གཉིས་ཀའི་འབྲེལ་བར་ཆབ་སྲིད་ཀྱི་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་པ་དང་། ཏང་དང་ཁྱབ་ཁོངས་གཞན་དག་བར་གྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། སྤུས་ཚད་མཐོ་བ་དང་ཆུ་ཚད་མཐོ་བ། ཚད་གཞི་མཐོ་བ་བཅས་ཀྱི་དུས་རབས་གསར་པའི་ཀྲུང་གོ་དང་ཇན་ཕུའུ་ཀྲའེ་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བཅས་བྱས་ཏེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་ནན་གྱིས་བསྟན།

ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཧུང་སུན་ལ་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།