ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་ཆེད་གཉེར་དགེ་རྒན་སྤྱི་གྲངས་མི་ཁྲི1880ལས་བརྒལ་བ་དང་ལོ5རིང་མི་ཁྲི253.5འཕར་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཉེ་ལམ་སློབ་གསོ་པུའུ་ནས་རྒྱུས་ལོན་པ་ལྟར་ན། 2022ལོའི་ལོ་མཇུག་བར་དུ། རང་རྒྱལ་གྱི་རིམ་པ་སོ་སོའི་རིགས་སྣ་ཚོགས་ཀྱི་ཆེད་གཉེར་དགེ་རྒན་མི་ཁྲི1880.4ལ་སླེབས་པ་དང་། 2017ལོའི་དུས་མཉམ་དང་བསྡུར་ན་མི་ཁྲི253.5ལས་བརྒལ་ལ། འཛམ་གླིང་སྟེང་སློབ་གསོའི་མ་ལག་གཞི་ཁྱོན་ཆེས་ཆེ་བར་གྱུར་ཞིང་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྟོབས་དང་ལྡན་པའི་རྨང་གཞི་རང་བཞིན་གྱི་འགན་སྲུང་འདོན་སྤྲོད་བྱས་ཡོད།

རྨང་གཞིའི་སློབ་གསོའི་དགེ་རྒན་དཔུང་སྡེ་མུ་མཐུད་དུ་རྒྱ་ཇེ་ཆེར་སོང་། དུས་རབས་གསར་པའི་རྨང་གཞི་སློབ་གསོའི་དགེ་རྒན་སྟོབས་ཆེའི་འཆར་འགོད་ལག་བསྟར་བྱས་པ་དང་། རྒྱལ་ཡོངས་ཀྱི་དགེ་ཐོན་སློབ་གྲྭ225དང་དགེ་ཐོན་མ་ཡིན་པའི་སློབ་གླིང་གི་དགེ་རྒན་མཐུན་སྦྱོར་གསོ་སྐྱོང་སློབ་གླིང565སོགས་ཀྱི་བྱེད་ཐབས་ལ་སྐུལ་འདེད་བཏང་བ་བརྒྱུད། རྨང་གཞིའི་སློབ་གསོའི་དགེ་རྒན་གྱི་གཏན་འཇགས་འབྱུང་ཁུངས་ལ་ཁག་ཐེག་བྱས། བྱིས་གཉོར་ཁང་དང་སློབ་ཆུང་། དམའ་འབྲིང་། མཐོ་འབྲིང་དཀྱིལ་མ། དམིགས་བསལ་སློབ་གསོ། ཆེད་དམིགས་སློབ་གྲྭར་ཆེད་གཉེར་དགེ་རྒན་དེ2017ལོའི་མི་ཁྲི1376.2ནས2022ལོའི་མི་ཁྲི1610.7ལ་ཇེ་མང་དུ་སོང་ཞིང་། མི་ཁྲི234.5ཇེ་མང་དུ་སོང་ནས་ཀུན་སྤྱོད་ཀྱི་མི་གཞི་སྐྱོང་བའི་རྨང་གཞི་མུ་མཐུད་དུ་སྲ་བརྟན་དུ་སོང་།

ལས་རིགས་སློབ་གསོའི་དགེ་རྒན་དཔུང་སྡེ་མུ་མཐུད་དུ་ལེགས་བཅོས་བྱུང་། དངོས་གཞི་རིམ་པའི་ལས་རིགས་སློབ་གྲྭ་དང་མཐོ་རིམ་ལས་རིགས་སློབ་གྲྭ། འབྲིང་རིམ་ལས་རིགས་སློབ་གྲྭའི་ཆེད་གཉེར་དགེ་རྒན་དེ2017ལོའི་མི་ཁྲི132.2ནས2022ལོའི་མི་ཁྲི136.6ལ་ཇེ་མང་དུ་སོང་ནས་མི་ཁྲི4.4འཕར་ཡོད་པ་དང་། དེང་རབས་ལས་རིགས་སློབ་གསོའི་མ་ལག་མགྱོགས་མྱུར་ངང་འཛུགས་པར་སྟོབས་དང་ལྡན་པའི་དགེ་འོས་ཀྱི་འགན་སྲུང་བྱས་ཡོད། ལས་རིགས་སློབ་གསོའི་དགེ་རྒན་གསོ་སྦྱོང་བྱེད་ཤུགས་མུ་མཐུད་དུ་ཇེ་ཆེར་སོང་ལ།2017ལོ་ནས2022ལོའི་བར། ཀྲུང་དབྱང་ནོར་སྲིད་ཀྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར41བཀོད་སྒྲིག་བྱས་ཏེ་ཆེད་ལས་སློབ་གླིང་གི་དགེ་རྒན་གྱི་བྱང་ཚད་མཐོར་འདེགས་འཆར་འགོད་ལག་བསྟར་བྱས།

མཐོ་རིམ་སློབ་གསོའི་གསར་སྐྲུན་རང་བཞིན་གྱི་དགེ་རྒན་དཔུང་སྡེར་སྔར་བས་ཤུགས་སྣོན་བྱས། སྤྱིར་བཏང་དངོས་གཞི་སློབ་གླིང་དང་དར་མའི་མཐོ་རིམ་སློབ་གྲྭའི་ཆེད་གཉེར་དགེ་རྒན་དེ2017ལོའི་མི་ཁྲི118.5ནས2022ལོའི་མི་ཁྲི133.1བར་ཇེ་མང་དུ་སོང་སྟེ་མི་ཁྲི14.6འཕར་ཏེ། མཐོ་རིམ་སློབ་གསོའི་ནང་སྙིང་རང་བཞིན་གྱི་འཕེལ་རྒྱས་ལ་ཞབས་ཞུ་བྱེད་པ་དང་། འཛམ་གླིང་གི་འཇོན་མི་ལྟེ་གནས་གལ་ཆེན་དང་གསར་སྐྲུན་མཐོ་ས་འཛུགས་སྐྲུན་ལ་རོགས་འདེགས་བྱས་ཡོད། 

 གསར་འགོད་པས་རྒྱུས་ལོན་པ་ལྟར་ན། སློབ་གསོ་པུའུ་ཡིས་སྤུས་ཚད་མཐོ་བའི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་འཆར་འགོད་བཟོ་སྐྲུན་ལག་བསྟར་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཆུ་ཚད་མཐོ་བའི་དགེ་རྒན་སློབ་གསོའི་མ་ལག་གསར་འཛུགས་བྱེད་པ་དང་། སྔར་ལས་ལྷག་པར་སྤུས་ཚད་མཐོ་ཞིང་བསླབ་གནས་མཐོ་བའི་དགེ་རྒན་མཁོ་སྤྲོད་དང་། ཉིས་ལྡན་ཅན་གྱི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ལས་རིགས་སློབ་གསོར་དགེ་རྒན་བཟང་པོ་གསོ་སྐྱོང་བྱེད་པ། མཐོ་རིམ་སློབ་གྲྭའི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་བཅོས་སྒྱུར་གཏིང་ཟབ་དུ་གཏོང་བ། རྒྱལ་ཁབ་བགྲེས་པོའི་དགེ་རྒན་འཐབ་ཇུས་འགུལ་སྐྱོད་ལག་བསྟར་བྱེད་པ། དགེ་རྒན་དཔུང་སྡེ་འཛུགས་སྐྲུན་གྱི་གྲངས་ཀ་ཅན་གྱི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་བཅས་ལ་ཤུགས་བསྣན་ཏེ། སློབ་གསོའི་དེང་རབས་ཅན་ལ་སྐུལ་འདེད་དང་སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན། མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་སྒྲུབ་པ་བཅས་ལ་ནུས་ལྡན་གྱི་འགན་སྲུང་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།