ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ལི་སྨི་ཧྲུའུ་སི་ཅིན་ལ་ཐུག་འཕྲད་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་དངོས་གཞིའི་འཚམ་འདྲིར་ཕེབས་པའི་ཨུ་རུ་སུའི་ཙུང་ལི་སྨི་ཧྲུའུ་སི་ཅིན་ལ་ཐུག་འཕྲད་གནང་།

2.jpg

ཟླ5པའི་ཚེས24ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་དངོས་གཞིའི་འཚམ་འདྲིར་ཕེབས་པའི་ཨུ་རུ་སུའི་ཙུང་ལི་སྨི་ཧྲུའུ་སི་ཅིན་ལ་ཐུག་འཕྲད་གནང་།

ཞི་ཅིན་ཕིང་གིས་སྨི་ཧྲུའུ་སི་ཅིན་གདན་ཞུ་བྱས་ནས་ཙུང་ཐུང་ཕུའུ་ཅིན་གྱི་ཟོལ་མེད་འཚམ་འདྲི་བརྒྱུད་སྒྲོག་བྱེད་དུ་བཅུག ཞི་ཅིན་ཕིང་གིས་བསྟན་དོན། ད་ལོའི་ཟླ3པར། ངས་ཨུ་རུ་སུ་ལ་བདེ་བླག་ངང་རྒྱལ་དོན་འཚམ་འདྲི་གནང་བ་དང་། ཙུང་ཐུང་ཕུའུ་ཅིན་དང་མཉམ་དུ་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་རིང་གི་ཀྲུང་ཨུ་འབྲེལ་བའི་འཕེལ་རྒྱས་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ཀྱི་འཆར་འགོད་བཟོས་པ་ཡིན། ཀྲུང་ཨུ་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གང་ལེགས་གཏོང་བ་ནི་དམངས་སེམས་དང་མཐུན་ལ་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་མཐུན་པ་ཡིན། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཀྲུང་ཨུ་མཉམ་ལས་ཀྱི་བར་སྟོངས་ཆེ་བ་དང་མདུན་ལྗོངས་རྒྱ་ཆེ་བ། སྒུལ་ཤུགས་འདང་བ་སོགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། ཁྱབ་ཁོངས་སོ་སོའི་མཉམ་ལས་དེ་སྔར་བས་ཆུ་ཚད་མཐོ་བར་སྐུལ་འདེད་བཏང་ནས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུའི་རེ་བ་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཨུ་རུ་སུ་དང་མཉམ་དུ་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བའི་གནད་དོན་ཐད་མུ་མཐུད་དུ་ཕན་ཚུན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས། གསེར་གྱོམ་རྒྱལ་ཁབ། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་སོགས་ཕྱོགས་མང་སྟེགས་བུའི་རོགས་ལས་ལ་ཤུགས་སྣོན་འདོད་ཡོད། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་སྦས་ཤུགས་སྔོག་འདོན་དང་། དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་མཉམ་ལས་ཀྱི་ཆུ་ཚད་མཐོར་འདེགས་བྱས་ཏེ། ཕྱོགས་མང་མཉམ་ལས་ཀྱི་སྒྲིག་སྲོལ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ནུས་ཁུངས་དང་ཕན་ཚུན་འབྲེལ་མཐུད་སོགས་མཉམ་ལས་ཀྱི་རྨང་གཞི་སྲ་བརྟན་དང་རྒྱ་བསྐྱེད་དུ་བཏང་ནས་སྔར་ལས་མང་བའི་འཕར་གནས་གསར་སྐྲུན་བྱེད་དགོས། མུ་མཐུད་དུ་མི་ཆོས་རིག་གནས་བརྗེ་རེས་རྒྱ་བསྐྱེད་དུ་བཏང་ནས་དམངས་སེམས་འབྲེལ་མཐུད་ཀྱི་གནས་བབ་གསར་བ་གསར་སྐྲུན་བྱེད་དགོས། ཀྲུང་གོས་ཨུ་རུ་སུ་དང་མཉམ་དུ་ཡོ་རོབ་དང་ཨེ་ཤེ་ཡ་དཔལ་འབྱོར་མནའ་འབྲེལ་གྱི་རྒྱལ་ཁབ་ཁག་དང་མཉམ་གཅིག་ཏུ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་ཡོ་རོབ་དང་ཨེ་ཤེ་ཡ་དཔལ་འབྱོར་མནའ་འབྲེལ་འབྲེལ་མཐུད་མཉམ་ལས་ལ་སྐུལ་སྤེལ་བྱས་ནས། སྔར་བས་སྒོ་འབྱེད་གྱི་ས་ཁོངས་ཚོང་ར་ཆེན་མོ་ཆགས་པར་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་བོའི་ཐོན་ལས་ཕྲེང་སྦྲེལ་དང་མཁོ་སྤྲོད་ཕྲེང་སྦྲེལ་གཏན་འཇགས་ཤར་གཏོང་ལ་ཁག་ཐེག་བྱས་ཏེ། ས་ཁུལ་དང་རྒྱལ་ཁབ་ལ་དོན་དངོས་ཀྱི་ཁེ་ཕན་བསྐྲུན་འདོད་ཡོད།

3.jpg

ཟླ5པའི་ཚེས24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་དངོས་གཞིའི་འཚམ་འདྲིར་ཕེབས་པའི་ཨུ་རུ་སུའི་ཙུང་ལི་སྨི་ཧྲུའུ་སི་ཅིན་ལ་ཐུག་འཕྲད་གནང་།

སྨི་ཧྲུའུ་སི་ཅིན་གྱིས་ཙུང་ཐུང་ཕུའུ་ཅིན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་གྱི་འཚམ་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་བརྒྱུད་སྒྲོག་བྱས་ཤིང་། ད་ལོའི་ཟླ3པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུ་ལ་ལོ་རྒྱུས་རང་བཞིན་གྱི་རྒྱལ་དོན་འཚམ་འདྲི་གནང་བར་ཧ་ཅང་ལེགས་འགྲུབ་བྱུང་ལ། ཨུ་ཀྲུང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་དུས་རབས་གསར་བ་གསར་སྐྲུན་བྱས། ཨུ་རུ་སུས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་ནན་ཏན་གྱིས་དངོས་འབེབས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཙུང་ལིའི་དུས་བཅད་ལྟར་ཐུག་འཕྲད་གནང་བ་དང་འབྲེལ་ཡོད་མཉམ་ལས་ལམ་སྲོལ་བེད་སྤྱོད་གང་ལེགས་བྱས་ནས། ཁྱབ་ཁོངས་སོ་སོའི་དངོས་བརྩོན་མཉམ་ལས་གཏིང་ཟབ་དུ་གཏོང་འདོད་ཡོད། ཨུ་རུ་སུས་ཀྲུང་གོ་དང་མཉམ་དུ་འཛམ་གླིང་གི་སྣེ་མང་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་བཏང་ནས། རྒྱལ་སྤྱིའི་རྩ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲ་བརྟན་དུ་གཏོང་འདོད་ཡོད། ཨུ་རུ་སུས་ཀྲུང་གོ་དང་མཉམ་དུ་སྔར་ལས་མི་ཆོས་རིག་གནས་བརྗེ་རེས་ལ་ཤུགས་བསྣན་ཏེ་ཨུ་ཀྲུང་མཛའ་བརྩེ་མི་རབས་ནས་མི་རབས་བར་རྒྱུན་འཁྱོངས་བྱེད་འདོད་ཡོད།

ཝང་དབྱི་དང་ཧོ་ལི་ཧྥིན། ཆིན་ཀང་སོགས་ཐུག་འཕྲད་ལ་ཞུགས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།