ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་གིས་དོ་དམ་བྱེད་པའི་མཐོ་རིམ་སློབ་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-05-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་ཚུན་ལ། ཀྲུང་དབྱང་གིས་དོ་དམ་བྱེད་པའི་མཐོ་རིམ་སློབ་ཆེན་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་གཙོ་གནད་དུ་བཟུང་ནས། མཐོ་རིམ་སློབ་ཆེན་གྱི་བྱ་བའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། གཞུང་ལུགས་སློབ་སྦྱོང་དང་འཕེལ་རྒྱས་ཀྱི་ལག་ལེན་ལ་ཤུགས་སྣོན་པ་དང་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས། འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ། བསླབ་ནས་བློ་སྦྱོང་བྱེད་པ་དང་བསླབ་ནས་རིག་སྟོབས་སྤེལ་བ།  བསླབ་ནས་སྤྱོད་བཟང་སྐྱོང་བ། བསླབ་ནས་ལས་ལ་སྐུལ་བ་བཅས་ཀྱི་ཐད་ཕན་འབྲས་དངོས་ཐོན་རྒྱུར་འབད་བརྩོན་བྱས།

གཞུང་ལུགས་སློབ་སྦྱོང་བྱེད་པར་ཆེས་ཕན་ནུས་ལྡན་པའི་བྱེད་ཐབས་ནི་མ་རྩོམ་ཀློག་པ་དང་མ་ཡིག་སློབ་པ། རྩ་བའི་རིགས་པ་རྟོགས་པར་བྱེད་རྒྱུ་དེ་ཡིན། ཆིན་ཧྭ་སློབ་ཆེན་གྱིས་བརྗོད་དོན་སློབ་གསོའི་དམིགས་འབེན་ལས་འགན་དང་ཟུང་འབྲེལ་བྱས་ཏེ། གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་དང་ཆེད་དོན་ཏང་གི་སློབ་ཚན། དཔེ་ཀློག་འཛིན་གྲྭ་སོགས་ཀྱི་རྣམ་པར་བརྟེན་ནས་ཐུན་མོང་སློབ་སྦྱོང་དང་གྲོས་སྡུར་བརྗེ་རེས་བྱས་ནས། “གནད་དོན་འཚོལ་བར་དམིགས་ཏེ”སློབ་སྦྱོང་ཟབ་སྦྱོང་བྱེད་པ་དང་།“ཐག་གཅོད་ཇུས་གཞི་འདོན་རྒྱུ”དམིགས་འབེན་དུ་བྱས་ཏེ། སློབ་སྦྱོང་ལ་བརྟེན་ནས་ཐོབ་པའི་བསམ་བློའི་ཕན་འབྲས་དེ་ལས་དོན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་འགྱུར་བར་བྱས། ཀྲུང་གོ་མི་དམངས་སློབ་ཆེན་གྱིས་མི་ཚང་མ་གཞུང་ལུགས་སློབ་སྦྱོང་ཁྲོད་ཞུགས་དགོས་པའི་བླང་བྱ་བཏོན་པ་དང་། དགོངས་སྙིང་རྟོགས་པར་བྱེད་པའི་སྙིང་སྟོབས་ལ་བརྟེན་ནས་སྒེར་གྱི་རང་སྦྱོང་དམ་འཛིན་ཡག་པོ་བྱས་པ་དང་ཞིབ་ཀློག་ཡང་ཡང་བྱས་པར་བརྟེན། དགེ་སློབ་ཡོངས་ཀྱི་བསམ་བློ་དང་སྦྱོར་བའི་ཐད་སྐུལ་ལྕག་ཆེན་མོ་ཐོབ།  ཧྭ་ཀྲུང་ཚན་རྩལ་སློབ་ཆེན་གྱིས་གཞུང་ལུགས་སློབ་སྦྱོང་བྱེད་པའི་ཆེད་དོན་ཇུས་གཞི་ཆ་ཚང་གཏན་འབེབས་བྱས་པ་དང་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭ་གཉེར་ནས། མི་སྒེར་གྱི་རང་སྦྱོང་དང་ཆེད་མཁས་པའི་སློབ་ཁྲིད། ཐུན་མོང་ཞིབ་འཇུག་སློབ་སྦྱོང་། ཡུལ་དངོས་ནས་སློབ་སྦྱོང་དང་ལག་ལེན་བྱེད་པ་བཅས་ཟུང་འབྲེལ་བྱས་ཏེ། ཆེད་དོན་བཅུ་བཞི་དངོས་སུ་བཏོན་ནས། བསམ་བློ་མང་ཙམ་གཏོང་བ་དང་སློབ་སྦྱོང་མཐར་ཕྱིན་བྱེད་པ། གོ་བ་གཏིང་ཟབ་ལེན་པ་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས།

གཞུང་ལུགས་སློབ་སྦྱོང་གི་དམིགས་འབེན་རང་བཞིན་དང་ཕན་འབྲས་རང་བཞིན། ཡིད་འགུག་རང་བཞིན་བཅས་ཆེ་རུ་བཏང་ནས། སློབ་གྲྭ་སོ་སོས་བྱེད་ཐབས་གསར་པ་བཏོན། པེ་ཅིང་རང་བྱུང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱིས་ཤེས་བྱའི་གནས་ལྔ་བརྒྱ་ལྷག་ཙམ་དང་རིམ་པ་སོ་སོའི་འབྲེལ་ལམ་སྟོང་གཉིས་ལྷག་ཙམ་ཚུད་པའི། “ཏང་གི་གསར་གཏོད་གཞུང་ལུགས་ཀྱི་ཤེས་བྱའི་བསྟར་བསྒྲིགས་རི་མོ”དངོས་སུ་ལས་ནས། སློབ་སྦྱོང་གི་ནང་དོན་མ་ལག་ཅན་དང་གཏན་ཚིགས་ཅན། སྒྲིག་གཞི་ཅན། མཐོང་རུང་ཅན་བཅས་སུ་བསྒྱུར། ཧྥུའུ་ཏན་སློབ་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་བྱེད་པའི་རྨང་གཞིའི་སྟེང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐོ་རིམ་སློབ་གསོའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་སློབ་གསོ་དང་ཚན་རྩལ། འཇོན་མི་བཅས་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སྔར་ལས་གོ་བ་གཏིང་ཟབ་ལེན་པ་དང་། ཆེད་མཁས་པའི་སྟོབས་ཤུགས་རྩ་འཛུགས་བྱེད་པ། དམིགས་འབེན་རང་བཞིན་ལྡན་པའི་སློབ་སྦྱོང་ཟུར་ཁྲིད་དང་གྱོད་དཔེ་དབྱེ་ཞིབ་བཅས་ལ་ཤུགས་བསྣན། ཐེན་ཅིན་སློབ་ཆེན་གྱིས་སློབ་སྦྱོང་གི་ཆེད་དོན་ལྔ་དངོས་སུ་བཏོན་པ་དང་། སློབ་སྦྱོང་གི་ནང་དོན་ཞེ་བརྒྱད་ཇུས་འགོད་ཞིབ་ཚགས་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་སོ་སོས“ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”དང་བརྗོད་དོན་སློབ་གསོའི་ཏང་གི་ཉིན་མོ་སོགས་ཀྱི་རྣམ་པར་བརྟེན་ནས། ཏང་ཡོན་དང་དགེ་སློབ་རྩ་འཛུགས་བྱས་ཏེ་སློབ་སྦྱོང་དང་བགྲོ་གླེང་གང་ལེགས་བྱས།

སློབ་གྲྭ་སོ་སོས་ད་དུང་གཞུང་ལུགས་བེད་སྤྱོད་ཡག་པོ་བྱས་ནས་སློབ་ཁང་ནང་གི་སློབ་སྦྱོང་ལ་མཐོང་ཆེན་གང་ལེགས་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་དགེ་སློབ་ཀྱིས་ལོ་རྒྱུས་ཀྱི་རྣམ་པ་དང་བཅོས་སྒྱུར་གྱི་རྣམ་པ། འབད་འཐབ་ཀྱི་མདུན་ལམ་བཅས་ཀྱི་རྣམ་པ་ལ་ཤེས་རྟོགས་བྱེད་པར་ཁྲིད་སྟོན་བྱས། ཞི་ཨན་འགྲིམ་འགྲུལ་སློབ་ཆེན་གྱིས་ཐུན་མོང་སློབ་སྦྱོང་དང་ཞིབ་འཇུག་གྲོས་བསྡུར་བྱས་ཏེ། གསར་བརྗེའི་ཐོན་ཁུངས་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་སློབ་སྦྱོང་བྱེད་ཐབས་སྤྱད་དེ་བརྗོད་དོན་སློབ་གསོ་ཏན་ཏིག་ངང་སྤེལ། ཀྲུང་ཧྲན་སློབ་ཆེན་གྱིས་ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ཏེ་ཀྲུང་གུང་གི་ཚོགས་ཆེན་གསུམ་པའི་ཚོགས་གནས་ཀྱི་དྲན་གསོ་ཁང་དུ་བསྐྱོད་དེ། ཏང་གི་སྤྱིར་བཏང་མིན་པའི་ལོ་ཟླ་ལ་ཕྱིར་དྲན་བྱེད་པ་དང་དད་སེམས་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། བསམ་པའི་འཚོ་བཅུད་གསབ་པ། བསམ་བློའི་ཁ་ཕྱོགས་སྔར་ལས་ཇེ་བརྟན་དུ་གཏོང་བ་བཅས་བྱས། ཀྲེ་ཅང་སློབ་ཆེན་གྱིས་ཞིབ་འཇུག་སློབ་མའི་གཞུང་ལུགས་སྒྲོག་འགྲེལ་ཚོགས་པ་བཙུགས་ཏེ། རིག་གཞུང་ཚན་ཁག་དངོས་སུ་རྐང་ཚུགས་པར་བྱས་ནས། ལག་ལེན་དང་བརྟག་དཔྱད་ཞིབ་འཇུག་དང་སྒྲོག་འགྲེལ་བཅས་བྱས་ཏེ་སློབ་སྦྱོང་གང་ལེགས་བྱས་པ་དང་། མུ་འབྲེལ་ཏང་གི་སློབ་ཚན་ཆུང་ངུ་སུམ་ཅུ་རིམ་གྱིས་གྲུབ་པར་བྱས་ནས། ཉེ་འགྲམ་གྱི་གཏམ་རྒྱུད་ལ་གཞི་བཅོལ་ཏེ་བསླབ་ནས་བློ་སྦྱོང་བྱེད་པར་སྐུལ་འདེད་བཏང་། ཅི་ལིན་སློབ་ཆེན་གྱིས་བརྗོད་དོན་སློབ་གསོའི་ཆེད་མཁས་པའི་སྒྲོག་འགྲེལ་ཚོགས་པ་དང་འབུམ་རམས་པའི་འཆད་ཁྲིད་ཚོགས་པ་བཙུགས་ནས། སྨྱན་སྦྱོར་གསར་པའི་ལས་སྟེགས་གང་ལེགས་སྒོས་བེད་སྤྱད་དེ། སློབ་གྲྭའི་ཆེད་དོན་དྲ་ཚིགས་སུ་ཆེད་སྒྲིག་ལེ་ཚན་བཟོས་ནས། གཞུང་ལུགས་སློབ་སྦྱོང་གཏིང་ཟབ་དང་ཏན་ཏིག་ངང་སྤེལ།

ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱེད་ཆེད། མཐོ་རིམ་སློབ་གྲྭ་སོ་སོས་ཏང་གི་གསར་གཏོད་གཞུང་ལུགས་སྤྱད་དེ་གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་བྱས། ཝུའུ་ཧན་སློབ་ཆེན་གྱིས་གཞུང་ལུགས་སློབ་སྦྱོང་དམ་འཛིན་བྱས་ཏེ། དཔེ་ཀློག་སློབ་སྦྱོང་བྱེད་སྟངས་སྣ་མང་གྲུབ་པར་བྱས་ནས། བརྟག་དཔྱད་ཞིབ་འཇུག་ནན་མོ་བྱས་པ་དང་། བརྟག་དཔྱད་ཞིབ་འཇུག་གི་གཙོ་གནད་བཅུ་གཉིས་གཏན་འཁེལ་བྱས་པར་མ་ཟད། ཞིབ་འཇུག་སྒྲིག་གཞིའི་མཉམ་འབྲེལ་གྲོས་ཚོགས་བསྡུས་ནས་ཞིབ་འཇུག་དང་གྲོས་བསྡུར་གཏིང་ཟབ་བྱས། ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན་གྱིས་བརྗོད་དོན་སློབ་གསོའི་ལག་བསྟར་ཇུས་གཞི་ཞིབ་འཇུག་བྱས་ནས་དངོས་སུ་བཏོན་པ་དང་། དཔེ་ཀློག་འཛིན་གྲྭར་ཇུས་འགོད་ཞིབ་མོ་བྱས་པར་མ་ཟད། སློབ་གྲྭའི་ལས་དོན་འཕེལ་རྒྱས་ཀྱི་འགལ་རྐྱེན་ཚོད་འཛིན་དང་དགེ་སློབ་ཀྱི་གླེང་ཐེངས་མང་བའི་དཀའ་གནད་ལ་དམ་པོར་དམིགས་ཏེ། རིགས་ཆེན་པོ་ལྔ་དང་་ཕྱོགས་སོ་ལྔ་ཡི་རྟོག་ཞིབ་བྱ་གཞི་གྲུབ་པར་བྱས། ཧ་ཨར་པེན་བཟོ་ལས་སློབ་ཆེན་གྱིས་སློབ་སྦྱོང་གཏིང་ཟབ་བྱེད་པའི་འཛིན་གྲྭ་གཉེར་བ་དང་། གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག བྱ་བའི་དོན་དངོས་བཅས་ཟུང་འབྲེལ་དམ་ཟབ་བྱས་ཏེ། སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལེན་ཐུབ་པར་འགན་ལེན་གང་ལེགས་བྱས།

སློབ་སྦྱོང་གི་གྲུབ་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་སུ་བསྒྱུར་ཆེད། ཞ་མིན་སློབ་ཆེན་གྱིས་གཞུང་ལུགས་སློབ་སྦྱོང་དང་ཆེད་དོན་རྟོག་ཞིབ། ལྟ་ཞིབ་དག་ཐེར་སོགས་ཀྱི་ཇུས་གཞི་དངོས་སུ་བཟོས་པ་དང་ཆབས་ཅིག་ཏུ། བྱ་བའི་བཀོད་སྒྲིག་དང་ལས་འགན་ཁག་བགོས། སྐུལ་སྒྲུབ་དོན་འཁྱོལ། དུས་བཅད་སྙན་ཞུ། ཞིབ་བཤེར་བརྡ་ཁྱབ། རྗེས་འདེད་འདྲི་རྩད་བཅས་ཀྱི་འབྲེལ་ཐག་ཡོངས་ཀྱི་བྱ་བའི་ལམ་སྲོལ་བཙུགས་ནས། བརྗོད་དོན་སློབ་གསོ་གོ་རིམ་ལྡན་པ་དང་ཏན་ཏིག་ངང་སྤེལ་རྒྱུར་འགན་ལེན་བྱས། ཤར་ལྷོ་སློབ་ཆེན་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གཞུང་ལུགས་སློབ་སྦྱོང་གི་འཆར་གཞི་དང་བརྟག་དཔྱད་ཞིབ་འཇུག་གི་འཆར་གཞིར་ཞིབ་འཇུག་དང་གཏན་འབེབས་བྱས་པ་དང་། དཔེ་ཀློག་འཛིན་གྲྭ་གཉེར་བ་དང་སློབ་སྦྱོང་ཚོགས་འདུ་བསྡུ་བ། སློབ་སྦྱོང་གི་ཆེད་དོན་ལ་དམིགས་ནས་སློབ་སྦྱོང་གི་དཔྱད་ཡིག་བཟོས་པ་བཅས་བྱས་ཏེ། བརྗོད་དོན་སློབ་གསོའི་གྲུབ་འབྲས་འདི་སློབ་གྲྭའི་ལས་དོན་ཁག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་བསྒྱུར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།